ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་སྤྲོ་སྐྱིད་གཏོང་སར་མཉམ་འབྲེལ་འཕྲལ་སྡོམ་གཙང་བཤེར་བྱས་པ།
ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་གྲོང་ཁྱེར་རིག་གནས་ཁྲོམ་ར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་སོགས་ཚན་པ་ཁག་དང་སྡེ་ཚན་ཁག་དང་མཉམ་དུ། ལྷ་ས་གྲོང་ཁྱེར་གྱི“ཆང་ཁང་མང་བའི་ཁྲོམ་ཁུལ”ལ་བདེ་འཇགས་གཙང་བཤེར་ཆེན་པོ་དང་། གྲལ་བཤེར་ཆེན་པོ། བཅོས་སྒྲིག་ཆེན་པོ་བཅས་བྱས་པ་རེད།
མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས“ཆང་ཁང་མང་བའི་ཁྲོམ་ཁུལ”གྱི་བདེ་འཇགས་ཉེན་ཟོན་སྐོར་ཞིབ་འགོག་ཟོན་དང་། སྤྲོ་སྐྱིད་གཏོང་སར་ན་སོ་དར་ལ་མ་བབས་པའི་མིར་འཛད་སྤྱོད་བྱེད་དུ་བཅུག་མིན། གློག་མིག་སྒྲིག་ཆས་ཀྱི་འཁོར་སྐྱོད་ལ་སྐྱོན་ཡོད་མེད། གློག་མིག་སྒྲིག་ཆས་ཀྱི་ལྟ་འདོམས་བྱེད་ཁོངས་ལ་སྟོང་ཆ་ཡོད་མེད། གསོག་ཉར་བྱེད་པའི་དུས་ཡུན་ཚད་གཞི་དང་མཐུན་མིན། གློག་མིག་ལྟ་འདོམས་ཁང་དུ་ཉིན་མཚན་བལྟོས་མེད་ཀྱི་ལས་རེས་བཀོད་སྒྲིག་བྱས་ཡོད་མེད། སྤྲོ་སྐྱིད་གཏོང་ས་དང་སྡེ་ལས་ཀྱིས་འཕྲལ་སྡོམ་སྔོན་ཇུས་བཟོས་ཡོད་མེད། དུས་བཀག་ལས་བརྒལ་ནས་ཚོང་གཉེར་བྱས་ཡོད་མེད། བདེ་འཇགས་འགོག་ཟོན་གྱི་བྱེད་ཐབས་ཁག་ནན་ཏན་ངང་དོན་འཁྱོལ་བྱས་ཡོད་མེད། བདེ་འཇགས་འགོག་ཟོན་སྒྲིག་ཆས་ཀྱི་ནུས་པ་ཐོན་ཡོད་མེད་སོགས་ལ་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་ཞིབ་ཕྲ་བྱས་ཤིང་། གནད་དོན་ཡོད་རིགས་འབྲེལ་ཡོད་འགན་སྒྲུབ་སྡེ་ཚན་ལ་སྔར་བས་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་པ་དང་། འགན་སྒྲུབ་སྡེ་ཚན་ཁག་གིས་དོ་དམ་དབང་ཚད་གཞིར་བཟུང་གནད་དོན་ཡོད་པའི་སྤྲོ་སྐྱིད་གཏོང་སར་དེ་མཚུངས་ཀྱི་ཆད་པ་གཅོད་རྒྱུ་རེད།
གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་སྤྲོ་སྐྱིད་གཏོང་སར་དམིགས་པའི་མཉམ་འབྲེལ་ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། རྒྱུན་རྣམ་ཅན་གྱི་སྒོ་ནས་གཙོ་གནད་ཁུལ་ཁོངས་ལ་དམིགས་འཛུགས་ཞིབ་བཤེར་དང་ངེས་མེད་ཞིབ་བཤེར་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་དབར་གྱི་མཉམ་སྒྲུབ་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྲོ་སྐྱིད་གཏོང་སས་ཁྲིམས་འགལ་ཚོང་གཉེར་བྱེད་སྒོ་སྤེལ་བར་དམ་བསྒྲགས་དང་རྡུག་རྡེག་ཚ་ནན་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་དེ་བས་བདེ་འཇགས་དང་། བདེ་ཐང། ཡ་རབས། རིམ་ལྡན་གྱི་རིག་གནས་སྤྲོ་སྐྱིད་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་པ་རེད།