ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཆང་བཏུངས་འཁོར་གཏོང་གི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས།
ལག་ཁྱེར་མེད་པར་ཆང་བཏུངས་འཁོར་གཏོང་བྱེད་མཁན་སྐྱེས་པ་གཉིས་བཟུང་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྤྱི་བདེ་པུའི་རྒྱལ་ཡོངས་ཀྱི་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་གཅིག་གྱུར་བྱ་སྤྱོད་ཀྱི་བླང་བྱ་གཞིར་བཟུང་། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཆང་བཏུངས་འཁོར་གཏོང་ལ་ཞིབ་བཤེར་ནན་པོ་བྱེད་པའི་གཅིག་གྱུར་བྱ་སྤྱོད་སྤེལ་བ་རེད།
ཉིན་ཤས་གོང་། ཐོ་རེངས་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་ཉེ་འགྲམ་གྱི་ལམ་དུམ་དུ་བསྐྱོད་པ་ཡིན། སྐབས་དེ་དུས་ནམ་ལངས་མེད་ལ་གཞུང་ལམ་ཐོག་རླངས་འཁོར་ཐར་ཐོར་ལས་མི་འདུག འོན་ཀྱང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ལས་ཁུངས་དང་གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཚོས་སྔ་ས་ནས་ལམ་བཀག་དང་བྱང་བུ་བཙུགས་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་འདུག
“དགོངས་པ་མ་ཚོམ། ཁྱེད་རང་ཆང་རག་བཏུངས་འདུག” ཆུ་ཚོད་6དང་སྐར་མ་18ཐོག་འཇིབ་ཆུང་དཀར་པོ་ཞིག་ཞིབ་བཤེར་ཁུལ་དུ་སླེབས་སྐབས་མི་དམངས་ཉེན་རྟོག་པས་ཁ་ལོ་བ་དེར་ཆང་རག་བཏུངས་པའི་དོགས་པ་ཡོད་པ་ཤེས་རྗེས་ཁ་ལོ་བ་ལྷག་ཆེ་གེ་མོར་ཕུ་བཏབ་ཏུ་བཅུག་ནས་ཚོད་ལྟ་བྱས་པས། ཁྲག་ནང་ཨ་རག་ཉིང་ཁུ་འདུས་ཚད་74mg/100mlཟིན་ཏེ་ཆང་བཏུངས་འཁོར་གཏོང་གི་ཚད་གཞིར་སླེབས་ཡོད་པ་རེད། བརྟག་དཔྱད་བྱེད་སྐབས། ཉེན་རྟོག་པས་ལྷག་ཆེ་གེ་མོར་ཁ་ལོ་བའི་ལག་ཁྱེར་མེད་པ་ཤེས་པས་ཁོ་པའི་བྱེད་སྤྱོད་དེ་ནི་ལག་ཁྱེར་མེད་པར་རླངས་འཁོར་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས། དེ་རྗེས་མི་དམངས་ཉེན་རྟོག་པས་ཁོ་པ་ལས་འཛོལ་ཐག་གཅོད་བྱེད་མཁན་མི་དམངས་ཉེན་རྟོག་པར་རྩིས་སྤྲད་ནས་སྔར་བས་ཐག་གཅོད་བྱས་པ་རེད། དུས་ཡུན་རིང་པོ་མ་སོང་བར། མི་དམངས་ཉེན་རྟོག་པས་འཇིབ་ཆུང་དཀར་པོ་གཞན་ཞིག་ལ་ཞིབ་བཤེར་བྱེད་སྐབས། ཁ་ལོ་བ་དེ་ལས་ཆང་དྲི་ངར་པོ་ཞིག་འཐུལ་བས། ཁོ་པར་ཕུ་བཏབ་ཏུ་བཅུག་ནས་ཚོད་ལྟ་བྱས་མཐར་ཁྲག་ནང་ཨ་རག་ཉིང་ཁུ་འདུས་ཚད་150mg/100mlཟིན་ཏེ་ར་བཟི་འཁོར་གཏོང་གི་དོགས་པ་ཡོད་པ་མ་ཟད། ད་དུང་ཁའེ་ཆེ་གེ་མོར་ཁ་ལོ་བའི་ལག་ཁྱེར་ཡང་མེད་པས་དེ་ནི་ལག་ཁྱེར་མེད་པར་རླངས་འཁོར་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས།
ཧོང་ཝུན་དབྱི་ཡིས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ཁ་ལོ་བའི་ཁྲག་རྒྱུན་ནང་ཨ་རག་གི་ཉིང་ཁུ་འདུས་ཚད་དེ་20mg/100mlལས་མཐོ་བ་དང་ཡང་ན་དེ་དང་གཅིག་མཚུངས་ཡིན་པ་དང་། 80mg/100mlལས་དམའ་བ་ཡོད་ན། དེ་ནི་ཆང་བཏུངས་འཁོར་གཏོང་གི་ཁོངས་སུ་གཏོགས་ཀྱི་ཡོད། ཁྲག་གི་ནང་ཨ་རག་གི་ཉིང་ཁུ་འདུས་ཚད་80mg/100mlཟིན་པའམ་ཡང་ན་དེ་ལས་མཐོ་བ་ཡོད་ན་དེ་ནི་ར་བཟི་འཁོར་གཏོང་གི་ཁོངས་སུ་བརྩི་གི་ཡོད། གྱོད་གཞིའི་མཐའ་མའི་མཇུག་འབྲས་ནི་ཁ་ལོ་བའི་ཁྲག་གི་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཐོན་རྗེས་གཞི་ནས་གཏན་འཁེལ་བྱེད་ཐུབ། “ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དང་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་ནི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ཞིག་ཡིན་པ་དེས་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ཟང་ཟིང་དུ་གཏོང་བ་མ་ཟད། ད་དུང་རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལའང་ཉེན་ཁ་བཟོ་སྲིད་པས། དེར་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་གནས་ཡོད། མིག་སྔར། གྱོད་གཞི་དེ་གཉིས་སྔར་བས་ཐག་གཅོད་བྱེད་བཞིན་ཡོད། ང་ཚོས་ཀྱང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁ་ལོ་བར་ཐག་གཅོད་བྱེད་ཀྱི་ཡིན”ཞེས་ཧོང་ཝུན་དབྱི་ཡིས་བརྗོད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་ཁག་གིས་ཁོངས་གཏོགས་ཁུལ་དུ་ཆང་བཏུངས་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆོས་ཉིད་དང་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་ལས་ཀ་བྱེད་པ་དང་སྔོན་འགོག་ཚོད་འཛིན་ནན་པོ་བྱས་ནས“ས་ཚིགས་སྲུང་བ་དང་། ལམ་ངོས་སུ་སྐོར་གཡེང་བྱེད་པ། ས་ཆ་ཚོད་འཛིན་བྱེད་པ”སོགས་ཀྱི་བྱ་ཐབས་སྤྱད་དེ་དུས་ཚོད་དང་གནས་གཏན་འཁེལ་མེད་པར་གཅིག་གྱུར་གྱི་མཚན་བཤེར་བྱ་སྤྱོད་སྤེལ་ནས། ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། མི་ཚད་ལས་བརྒལ་ནས་བླུགས་པ། ཤོང་ཚད་ལས་བརྒལ་ནས་བླུགས་པ། འཁོར་རྟགས་རྫུས་མ་བསྒར་བ། འཁོར་རྟགས་གཞན་སྤྱོད་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས“རླངས་འཁོར་ཐུག་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་། དོགས་པ་ཡོད་ཚེ་ངེས་པར་དུ་བརྟག་དཔྱད་བྱེད་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་པ”བཅས་ཏན་ཏིག་ཐུབ་པར་བྱས་ཏེ་འགྲིམ་འགྲུལ་ལས་འཛོལ་སྣ་ཚོགས་དོགས་ཟོན་དང་བཀག་སྡོམ་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག སྐད་འཕྲིན་གྱི་སྤྱི་རྟགས་དང་འཁྱུག་དབྱིངས་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་དཔྱིད་གསར་སྐྱེལ་འདྲེན་རིང“ཡོངས་བསྒྲགས་གཉིས་དང་དྲན་སྐུལ་གཅིག”དང་། ལམ་ངོས་ཀྱི་ཆ་འཕྲིན་དང་བདེ་འཇགས་འཁོར་གཏོང་གི་གནད་སྨིན་གསལ་བརྡ་བཅས་ཡོངས་བསྒྲགས་བྱས་པ་དང་། གྲོང་མིར་འགྲོ་སྐྱོད་དུས་ཚོད་དང་། ལམ་ཐིག བྱེད་སྟངས་བཅས་ལུགས་མཐུན་ངང་གདམ་ག་བྱེད་པར་ཁྲིད་སྟོན་བྱས་ནས་ཁ་ལོ་བའི་བདེ་འཇགས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་འགྲོ་ལམ་འགྲིམ་འགྲུལ་གྱི་དྲིལ་བསྒྲགས་རྣམ་པ་ཟབ་མོ་བཏོད་ཡོད་པ་རེད།