དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • མི་བྱེད་དགུ་བྱེད་བྱས་ན། མི་ཡོང་དགུ་ཡོང་ཡོང་།

    སྐྱེས་པ་ཞིག་གིས་འཁོར་རྟགས་ཨང་ཀི“6”པ་ཨང་ཀི“8”པར་བཅོས་པས་ཆད་པ་ཕོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    འཁོར་རྟགས་ནི་འཁོར་རིགས་ཀྱི“ཐོབ་ཐང་ལག་ཁྱེར”རེད་ལ། འགྲིམ་འགྲུལ་ཉེན་རྟོག་པས་འཁོར་རིགས་ཀྱི་ཆ་འཕྲིན་དབྱེ་འབྱེད་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་རེད། འོན་ཀྱང་། རྒྱུན་དུ་ཁ་ལོ་བ་ལ་ལས་འགྲིམ་འགྲུལ་ཆད་གཅོད་ལས་གཡོལ་ཆེད། འཁོར་རྟགས་རྫུན་མ་སྤྱད་དེ་འགྲིམ་འགྲུལ་སྒྲིག་ལམ་སྣང་མེད་དུ་གཏོང་གི་ཡོད། ཁ་ལོ་བ་རང་ཉིད་ཀྱིས་བྱེད་སྤྱོད་དེ་རིགས་སྤྱང་པོ་ཡིན་པར་བསམ་མོད། འོན་ཀྱང་ཁྲིམས་ཀྱི་དྲ་བ་ཁྱབ་རྒྱ་ཆེ་ཞིང་ཚགས་དམ་པས་མཐའ་མ་ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་བྲལ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལ་འཁོར་བདག་ཅིག་གིས་ང་ལ་ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆད་གཅོད་བརྡ་ཐོ་ཞིག་འབྱོར་བྱུང་། པར་བརྒྱབ་པའི་རླངས་འཁོར་གྱི་འཁོར་རྟགས་ངའི་རེད་འདུག ཡིན་ནའང་རླངས་འཁོར་ངའི་མ་རེད་ལ། ཁ་ལོ་བ་དེའང་ང་མིན་ཞེས་པའི་ཞུ་འབུལ་ཞིག་འབྱོར། ཞུ་འབུལ་འབྱོར་རྗེས་ཁྲིམས་སྒྱུར་མི་དམངས་ཉེན་རྟོག་པས་འཕྲལ་མར་ཁྲིམས་འགལ་དཔང་རྟགས་ཀྱི་པར་རིས་དང་བརྙན་ལམ་ལ་དབྱེ་ཞིབ་ཞིབ་ཕྲ་དང་ཞིབ་བསྡུར་བྱས་རྗེས་ཁྲིམས་འགལ་འཁོར་རིགས་ཀྱི་འཁོར་རྟགས་བཅོས་པའི་ཤུལ་ཡོད་པ་ཤེས། རེ་རེ་བཞིན་བརྟག་དཔྱད་དང་དབྱེ་ཞིབ་བྱས་པ་བརྒྱུད། འཁོར་རྟགས་ཀྱི་ཨང་ཀི“6”པ་དེ“8”པར་བཅོས་པ་གཏན་འཁེལ་བྱུང་། དེ་རྗེས་མི་དམངས་ཉེན་རྟོག་པས་ཁ་ལོ་བ་བློ་ཆེ་གེ་མོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་ཐག་གཅོད་དང་ལེན་ལ་ཡོང་དགོས་པའི་བརྡ་ཐོ་བཏང་།

    ཉིང་ལག་རུ་ཁག་ཏུ་སླེབས་རྗེས། བློ་ཆེ་གེ་མོས་ལྕགས་ཁབ་ལེན་སྤྱད་དེ་ཨང་ཀི་རང་དགར་བཟོ་བཅོས་བརྒྱབ་པ་ཡིན་ཞེས་རང་ཉིད་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས། དེས་ན་མི་དམངས་ཉེན་རྟོག་པས་འཁོར་རྟགས་རྫུན་བཟོ་དང་སྒྱུར་བཟོ་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་སྐྱོན་བརྗོད་དང་སློབ་གསོ་ནན་པོ་བཏང་བ་དང་འབྲེལ་ཁྲིམས་ལྟར་ཆད་པ་བཅད་པ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་དྲུག་པའི་ནང་གསེས་གསུམ་པར། ཚན་པའམ་མི་སྒེར་གྱིས་འཁོར་རིགས་ཀྱི་ཐོ་འགོད་ལག་ཁྱེར་དང་། འཁོར་རྟགས། རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར། ཞིབ་བཤེར་ཚད་ལོན་མཚོན་རྟགས། ཉེན་འགོག་འགན་ལེན་གྱི་མཚོན་རྟགས་བཅས་རྫུན་བཟོ་དང་། སྒྱུར་བཟོ། བེད་སྤྱོད་བཅས་བྱེད་མི་ཆོག་ཅེས་གཏན་འབེབས་བྱས་ཡོད། དོན་ཚན་གོ་དྲུག་པའི་ནང་གསེས་དང་པོར། འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ལག་ཁྱེར་དང་། འཁོར་རྟགས། རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར། ཁ་ལོ་བའི་ལག་ཁྱེར་བཅས་རྫུན་བཟོ་དང་སྒྱུར་བཟོ་བྱས་པའམ་ཡང་ན་རྫུན་བཟོ་དང་སྒྱུར་བཟོ་བྱེད་རིགས་སྤྱད་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གཞུང་བཞེས་གཏོང་བ་དང་འཕྲུལ་སྒུལ་འཁོར་རིགས་བཙན་ཉར་བྱེད་རྒྱུ་དང་། ཉིན་བཅོ་ལྔ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ། སྒོར་ཉིས་སྟོང་ཡན་ནས་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ། བྱས་ཉེས་སུ་འགྲུབ་རིགས་བཅའ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་བཅས་རེད།

    ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོར་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་རྟགས་རྫུན་བཟོ་དང་སྒྱུར་བཟོ་བྱེད་པ་ནི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ཞིག་ཡིན་པ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གལ་ཆེན་གྱི་གྲས་ཤིག་ཡིན་པས་རྒྱ་ཆེའི་ཁ་ལོ་བས་རང་གཅུན་ནན་པོ་བྱས་ཏེ། སྟེས་དབང་གི་བསམ་ཚུལ་བཅངས་མི་རུང་བའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།