དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།

    ལེའུ་བདུན་པ། ལས་ཚབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    84དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དུས་བཀག་ཟུར་སྣོན་བྱས་ཆོག་གམ།

    དུས་བཀག་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཅེས་པ་ནི་དོ་བདག་གིས་ཕྱིས་འབྱུང་གི་དོན་དངོས་ལ་དུས་བཀག་ངེས་ཅན་བཟོས་ནས་ནུས་པ་ཐོན་པའམ་མཇུག་སྒྲིལ་བའི་གཞི་འཛིན་སར་བྱེད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཟེར། དུས་བཀག་དང་ཆ་རྐྱེན་མི་འདྲ་སྟེ། དུས་བཀག་ནི་དོན་དངོས་འབྱུང་བ་གཏན་འཁེལ་བྱེད་པ་ཡིན་ཞིང་། ཆ་རྐྱེན་གྲུབ་པ་ཡིན་མིན་གཏན་འཁེལ་བྱེད་མི་ཐུབ།

    《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་དྲུག་ཅུ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དུས་བཀག་ཟུར་སྣོན་བྱས་ཆོག ཡིན་ན་ཡང་དེའི་ངོ་བོ་ལྟར་ན་དུས་བཀག་ཟུར་སྣོན་བྱེད་མི་རུང་བ་འདིའི་ཁོངས་སུ་མི་ཚུད། ནུས་པ་ཐོན་པའི་དུས་བཀག་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། དུས་བཀག་ལ་སླེབས་པ་ནས་ནུས་པ་ཐོན་པ་ཡིན། མཇུག་སྒྲིལ་བའི་དུས་བཀག་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། དུས་བཀག་ལོངས་པའི་དུས་ནས་ནུས་པ་ཤོར་བ་ཡིན།

    85 ཅི་ཞིག་ལ་ལས་ཚབ་ཟེར།

    ལས་ཚབ་ཅེས་པ་ནི་ལས་ཚབ་པས་ལས་ཚབ་ཀྱི་དབང་མཚམས་ནང་ཁོངས་སུ་ལས་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་རང་ཚུགས་ཀྱིས་ཕུང་གསུམ་པ་དང་བཅའ་ཁྲིམས་བྱ་སྤྱོད་སྤེལ་བ་དང་། དེ་ལས་བྱུང་བའི་ཁེ་དབང་དང་འོས་འགན་ཐད་ཀར་ལས་ཚབ་བྱ་ཡུལ་གྱིས་མིས་འཁུར་བའི་བཅའ་ཁྲིམས་ལམ་ལུགས་ལ་ཟེར། ལས་ཚབ་ཀྱི་དོན་སྙིང་ལ་གོ་བ་ལེན་དགོས་ན་གཤམ་གསལ་ཕྱོགས་འགར་དོ་སྣང་བྱེད་དགོས་ཏེ།

    (1)ལས་ཚབ་ཀྱི་འབྲེལ་བ་དེ་དམངས་དོན་བྱེད་པོ་ཕྱོགས་གསུམ་དང་སྦྲེལ་ཡོད། ལས་ཚབ་བྱ་སྤྱོད་སྤེལ་བའི་དབང་གིས་ལས་ཚབ་འབྲེལ་བ་བྱུང་བ་དང་། འབྲེལ་བ་འདི་ནི་ལས་ཚབ་པ་དང་ལས་ཚབ་བྱ་ཡུལ་གྱི་མི(རང་ཉིད་ཀྱང་ཟེར)མི་གསུམ་པ་བཅས་དམངས་དོན་བྱེད་པོ་ཕྱོགས་གསུམ་ལས་གྲུབ་པ་ཡིན།

    (2)ལས་ཚབ་ནི་བལྟོས་བཅས་མིར་འདོད་བློ་སྟོན་པའམ་བལྟོས་བཅས་མིས་འདོད་བློ་སྟོན་པ་དང་ལེན་བྱེད་པ་ལ་ཟེར།

    (3)ལས་ཚབ་ནི་རང་ཉིད་ཀྱི་མིང་ཐོག་ནས་ལག་བསྟར་བྱེད་དགོས།

    (4)ལས་ཚབ་ཀྱི་བཅའ་ཁྲིམས་མཇུག་འབྲས་ནི་ཐད་ཀར་ལས་ཚབ་བྱ་ཡུལ་གྱི་མི་ལ་གཏོགས་པ་རེད། ཐད་ཀར་ཞེས་པ་ནི་དང་ཐོག་ནས་ལས་ཚབ་བྱ་ཡུལ་གྱི་མི་ལ་གཏོཌ་པ་དེ་ནི་དང་ཐོག་ནས་ཡིན་ཞིང་གླེང་མི་དགོས་པ་ཞིག་ཡིན་པ་ལས་དང་ཐོག་ལས་ཚབ་པས་འཁུར་བ་དང་རྗེས་སུ་ལས་ཚབ་བྱ་ཡུལ་གྱི་མི་ལ་སྒྱུར་བ་ཞིག་མ་རེད།

    (5)དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཚང་མ་ལས་ཚབ་བྱས་ཆོག་པས་མི་ཁྱབ་སྟེ། བཅའ་ཁྲིམས་ཀྱི་གཏན་འབེབས་དང་དམངས་དོན་བྱེད་པོའི་དབར་ཁ་ཆད་བཞག་པའམ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ངོ་བོ་ལྟར་རང་ཉིད་ཀྱིས་ལག་བསྟར་བྱེད་དགོས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན་ལས་ཚབ་བྱས་མི་ཆོག

    ལས་ཚབ་ལ་སྒྲ་ཡངས་དོག་གི་ཁྱད་པར་ཡོད་དེ། སྒྲ་དོག་འཇུག་གི་ལས་ཚབ་ནི་ཐད་ཀར་ཀྱི་ལས་ཚབ་ལ་ཟེར་བ་དང་ལས་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བ་དང་། དེ་ལས་བྱུང་བའི་བཅའ་ཁྲིམས་མཇུག་འབྲས་ཐད་ཀར་ལས་ཚབ་བྱ་ཡུལ་གྱི་མི་ལ་གཏོགས་པ་ཞིག་ལ་གོ སྒྲ་ཡངས་འཇུག་གི་ལས་ཚབ་ནང་ཐད་ཀར་གྱི་ལས་ཚབ་དང་གཞན་བརྒྱུད་ཀྱི་ལས་ཚབ་གཉིས་སུ་འདུས། གཞན་བརྒྱུད་ཀྱི་ལས་ཚབ་ལ་མིང་གསང་བའི་ལས་ཚབ་ཀྱང་ཟེར། དེ་ནི་ལས་ཚབ་པས་རང་ཉིད་ཀྱི་མིང་ཐོག་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བ་དང་། དེ་ལས་བྱུང་བའི་བཅའ་ཁྲིམས་མཇུག་འབྲས་གཞན་བརྒྱུད་ཀྱིས་ལས་ཚབ་བྱ་ཡུལ་གྱི་མི་ལ་གཏོགས་པ་ཞིག་ལ་གོ རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》ནང་གཏན་འབེབས་བྱས་པའི་ལས་ཚབ་ནི་ཐད་ཀར་གྱི་ལས་ཚབ་ཡིན།

    86 ལས་ཚབ་ལ་རིགས་གང་དང་གང་ཡོད།

    ལས་ཚབ་ལ་མངག་བཅོལ་ལས་ཚབ་དང་ཁྲིམས་བཀོད་ལས་ཚབ་གཉིས་ཡོད། མངག་བཅོལ་ལས་ཚབ་ཅེས་པ་ནི་མངག་བཅོལ་ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་མིའི་མངག་བཅོལ་ལྟར་ལས་ཚབ་བྱེད་པ་ལ་ཟེར། མངག་བཅོལ་ལས་ཚབ་བྱ་སྤྱོད་ནང་གི་ལས་ཚབ་བྱེད་དབང་ནི་ལས་ཚབ་བྱ་ཡུལ་གྱི་མིས་སྤྲད་པ་ཡིན་པས་མངག་བཅོལ་ལས་ཚབ་ལ་དབང་བཅོལ་ལས་ཚབ་ཀྱང་ཟེར། དབང་བཅོལ་བྱ་སྤྱོད་ནི་ཕྱོགས་གཅིག་པུའི་དམངས་དོན་བྱ་སྤྱོད་ཅིག་ཡིན་པ་དང་ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་མིའི་ཕྱོགས་གཅིག་པུས་དབང་ཆ་སྤྲད་པའི་འདོད་བློ་སྟོན་པ་ཁོ་ན་ལས་ལས་ཚབ་བྱེད་དབང་ལེན་ཐུབ་པའི་དབང་གིས་མངག་བཅོལ་ལས་ཚབ་ལ་འདོད་བློ་གཏན་འཁེལ་གྱི་ལས་ཚབ་ཀྱང་ཟེར།

    ཁྲིམས་བཀོད་ལས་ཚབ་ཅེས་པ་ནི་བཅའ་ཁྲིམས་ཀྱི་ཐད་ཀར་གྱི་གཏན་འབེབས་ལས་བྱུང་བའི་ལས་ཚབ་འབྲེལ་བ་ལ་ཟེར། ཁྲིམས་བཀོད་ལས་ཚབ་ནི་གཙོ་བོ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱེད་མི་ལ་ཆེད་དམིགས་ཀྱིས་ལས་ཚབ་པ་འཛུགས་པའི་རྣམ་པ་ཞིག་ཡིན། ཁྲིམས་བཀོད་ལས་ཚབ་བྱུང་བའི་གཞི་འཛིན་ས་ནི་ལས་ཚབ་པ་དང་ལས་ཚབ་བྱ་ཡུལ་གྱི་མིའི་དབར་གྱི་ཤ་ཁྲག་འབྲེལ་བ་དང་གཉེན་སྒྲིག་འབྲེལ་བ། རྩ་འཛུགས་འབྲེལ་བ་བཅས་ཡིན། ཁྲིམས་བཀོད་ལས་ཚབ་པའི་ལས་ཚབ་བྱེད་དབང་ནི་བཅའ་ཁྲིམས་ཀྱིས་ཐད་ཀར་གཏན་འབེབས་བྱས་པ་ཡིན་པ་ལས་ལས་ཚབ་བྱ་ཡུལ་གྱི་མིའི་འདོད་བློ་དང་འབྲེལ་བ་མེད།

    87 ཅི་ཞིག་ལ་དབང་བསྐུར་མངག་བཅོལ་ཡི་གེ་ཟེར། དབང་བསྐུར་མངག་བཅོལ་ཡི་གེའི་ནང་དུ་དོན་ཚན་གང་དང་གང་འཁོད་ཡོད།

    དབང་བསྐུར་མངག་བཅོལ་ཡི་གེ་ཞེས་པ་ནི་ལས་ཚབ་པའི་ལས་ཚབ་བྱེད་དབང་དང་དེའི་དབང་མཚམས་བཅས་ལས་ཚབ་བྱ་ཡུལ་གྱི་མིས་ཡིག་ཐོག་ཏུ་བཀོད་པའི་དཔང་རྟགས་ལ་ཟེར། དབང་བསྐུར་མངག་བཅོལ་ཡི་གེ་ནི་མངག་བཅོལ་ལས་ཚབ་ཁོ་ན་མ་གཏོགས་ཁྲིམས་བཀོད་ལས་ཚབ་དང་དམིགས་བཙུགས་ལས་ཚབ་ནང་མེད། དབང་བསྐུར་མངག་བཅོལ་ཡི་གེའི་ནང་དུ་ལས་ཚབ་པའི་རུས་མིང་དང་། ལས་ཚབ་དོན་ཚན། དབང་མཚམས། དུས་བཀག་བཅས་གསལ་པོར་འགོད་དགོས་པ་མ་ཟད། ད་དུང་ལས་ཚབ་བྱ་ཡུལ་གྱི་མིས་མིང་འགོད་པའམ་ཐེལ་ཙེ་རྒྱག་དགོས། རྒྱུན་ལྡན་གྱི་འཚོ་བའི་ནང་དུ། ངོ་སྤྲོད་ཡི་གེའང་དབང་བསྐུར་མངག་བཅོལ་ཡི་གེར་བརྩིས་ནས་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། ཁྲིམས་འཛིན་ལག་ལེན་གྱིས་དེའི་ནུས་པ་ལ་ཁས་ལེན་བྱེད་པ་ཡིན།

    དབང་བསྐུར་མངག་བཅོལ་ཡི་གེའི་ནང་དུ་དབང་མཚམས་གསལ་པོར་འགོད་དགོས་པ་ལས་ཆ་ཚང་ལས་ཚབ་དང་ཆ་ཤས་ལས་ཚབ། སྤྱིར་བཏང་གི་ལས་ཚབ། དམིགས་བཙུགས་ཀྱི་ལས་ཚབ། བཅའ་ཁྲིམས་ཀྱི་རོགས་རམ་སོགས་དོན་ཚན་འོལ་ཚོད་ཀྱིས་བཀོད་མི་རུང་བར་ངེས་པར་དུ་དབང་མཚམས་གསལ་པོ་འགོད་དགོས། དབང་བསྐུར་མངག་བཅོལ་ཡི་གེའི་ནང་དོན་ཚན་གསལ་པོ་བཀོད་མེད་པའི་དབང་གིས་ཕུང་གསུམ་པར་གནོད་རྐྱེན་བཟོས་པ་ཡིན་ན། ལས་ཚབ་བྱ་ཡུལ་གྱི་མིས་ཕུང་གསུམ་པར་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་ལས་ཚབ་པས་ཞོར་འདྲུད་འགན་འཁྲི་འཁུར་དགོས། ལས་ཚབ་པས་འཁུར་དགོས་པའི་ཞོར་འདྲུད་འགན་འཁྲི་ནི་ཁ་གསབ་འགན་འཁྲི་ཡིན་དགོས་པ་སྟེ་ཐོག་མར་ལས་ཚབ་བྱ་ཡུལ་གྱི་མིས་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་། ལས་ཚབ་བྱ་ཡུལ་གྱི་མིས་འགན་འཁྲི་ཆ་ཚང་འཁུར་མ་ཐུབ་ཚེ་ལས་ཚབ་པས་གཞི་ནས་ཁ་གསབ་འགན་འཁྲི་འཁུར་དགོས།

    88 ཅི་ཞིག་ལ་བཀག་སྡོམ་བྱས་པའི་ལས་ཚབ་ཀྱི་བྱ་སྤྱོད་ཟེར། བྱ་སྤྱོད་གང་དག་ལས་ཚབ་བྱས་མི་ཆོག

    བཀག་སྡོམ་བྱས་པའི་ལས་ཚབ་ཀྱི་བྱ་སྤྱོད་ཅེས་པ་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་དམངས་དོན་བྱེད་པོ་ཕྱོགས་གཉིས་ཀྱིས་ཁ་ཆད་བཞག་པ་ལྟར་རང་ཉིད་ཀྱིས་ལག་བསྟར་བྱེད་དགོས་པ་ལས་ལས་ཚབ་བྱེད་མི་རུང་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དམ་དེའི་ངོ་བོ་གཞིར་བཞག་ལས་ཚབ་བྱེད་པར་མི་འཚམས་པའི་བྱ་སྤྱོད་ལ་ཟེར།

    བཀག་སྡོམ་བྱས་པའི་ལས་ཚབ་ཀྱི་བྱ་སྤྱོད་ལ་གཤམ་གསལ་རིགས་ཁག་འདུས་ཡོད་དེ།

    (1)མི་ལུས་ཀྱི་ངོ་བོ་ལྡན་པའི་བཅའ་ཁྲིམས་བྱ་སྤྱོད། དཔེར་ན། ཁ་ཆད་ལྟར་འཁྲབ་སྟོན་བྱེད་པ་དང་ཁ་ཆད་ལྟར་རི་མོ་བྲི་བ། ཁ་ཆད་ལྟར་འཆར་འགོད་བྱེད་པ་སོགས་ཀྱི་བྱ་སྤྱོད་ནི་བུན་བདག་གི་བསམ་བློའི་ཆུ་ཚད་དང་གསར་རྩོམ་ནུས་པ་དང་ཁ་བྲལ་ཐབས་མེད་པས་ངེས་པར་དུ་བུན་བདག་གིས་སྐུ་ངོ་མས་ལག་བསྟར་བྱེད་དགོས། དེ་ལས་གཞན་ད་དུང་ཁ་ཆེམས་འཇོག་པ་དང་གཉེན་སྒྲིག་འབྲེལ་བ་གྲོལ་འཐེན་བྱེད་པ་སོགས་མི་ལུས་ཀྱི་ངོ་བོ་ལྡན་པའི་བྱ་སྤྱོད་ལྟ་བུ།

    (2)ལས་ཚབ་བྱ་ཡུལ་གྱི་མིས་སྤེལ་དབང་མེད་པའི་བྱ་སྤྱོད། ལས་ཚབ་པས་ལས་ཚབ་བྱེད་པའི་བྱ་སྤྱོད་དེ་ངེས་པར་དུ་ལས་ཚབ་བྱ་ཡུལ་གྱི་མིས་སྤེལ་དབང་ཡོད་པའི་བྱ་སྤྱོད་ཡིན་དགོས་པ་དེ་ནི་ལས་ཚབ་བྱ་སྤྱོད་ཀྱི་སྔོན་འགྲོ་ཡིན།

    (3)དམངས་དོན་བྱེད་པོ་ཕྱོགས་གཉིས་ཀྱིས་ཁ་ཆད་བཞག་པའི་རང་ཉིད་ཀྱིས་སྐུ་ངོ་མས་ལག་བསྟར་བྱེད་དགོས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་རྣམས་ལས་ཚབ་སྤྱད་འཐུས་ཁྱབ་ཁོངས་སུ་མི་ཚུད།

    (4)ཁྲིམས་འགལ་གྱི་བྱ་སྤྱོད་དམ་བཅའ་ཁྲིམས་ཀྱིས་བཀག་སྡོམ་བྱས་པའི་བྱ་སྤྱོད་རྣམས། དཔེར་ན་རང་དགར་མེ་མདའ་དང་མདེའུ་དང་། དུག་རྫས་བཅས་ཉོ་འཚོང་བྱེད་པ་ལྟ་བུ། ལས་ཚབ་པས་ལས་ཚབ་དོན་ཚན་དེ་ཁྲིམས་འགལ་ཡིན་པ་ཤེས་པའམ་ཤེས་དགོས་པ་བཞིན་དུ་ལས་ཚབ་བྱ་སྤྱོད་སྤེལ་བ་དང་། ཡང་ན་ལས་ཚབ་བྱ་ཡུལ་གྱི་མིས་ལས་ཚབ་པའི་ལས་ཚབ་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་པ་ཤེས་པའམ་ཤེས་དགོས་ཀྱང་ངོ་རྒོལ་གྱི་འདོད་བློ་མ་བསྟན་ན། ལས་ཚབ་བྱ་ཡུལ་གྱི་མི་དང་ལས་ཚབ་པ་གཉིས་ཀས་ཞོར་འདྲུད་འགན་འཁྲི་འཁུར་དགོས།

    (5)དོན་དངོས་ཀྱི་བྱ་སྤྱོད་རྣམས་ལས་ཚབ་བྱས་མི་ཆོག ལས་ཚབ་བྱ་སྤྱོད་ནི་ལས་ཚབ་པའི་རང་ཚུགས་ཀྱིས་འདོད་བློ་སྟོན་པ་དེ་ཡིན། དོན་དངོས་ཀྱི་བྱ་སྤྱོད་ཀྱི་གྲུབ་ཆའི་ནང་འདོད་བློ་སྟོན་པ་ཚུད་མེད། དཔེར་ན་ལས་ཚབ་པས་ཕྲུ་གུ་ལྟ་སྐྱོང་བྱེད་པ་ནི་དོན་དངོས་བྱ་སྤྱོད་ཡིན་པས་ལས་ཚབ་བྱེད་པར་བཀག་སྡོམ་བྱས་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།