དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྤྱི་དོན་ལྷུར་དུ་བླངས་ནས་མཐའ་མཚམས་ཀྱི་དུས་བདེ་སྲུང་བ།

    —— སྤུ་ཧྲེང་རྫོང་བར་ག་ཤང་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་པ་སངས་ཕུན་ཚོགས་ཀྱི་སྐོར་བཀོད་པ།

  •     སྤེལ་དུས།  2024-03-05

    པ་སངས་ཕུན་ཚོགས་ཀྱིས་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ་སྐོར་གཡེང་དུ་སྐྱོད་བཞིན་པ།

    དར་ཆེན་མཐའ་མཚམས་མངགས་གཏོང་ཁང་དང་སུའོ་ཀྲང་པ་སངས་ཕུན་ཚོགས།

    1 གངས་རིན་པོ་ཆེའི་འདབས་སུ་ཆགས་པའི་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་ས་བབ་མཐོ་ཚད་སྨི་4810ཟིན་པ་དང་དེ་གར་མི་དམངས་ཉེན་རྟོག་པ་20ལྷག་ཙམ་ཡོད།

    2 པ་སངས་ཕུན་ཚོགས་ནི་2015ལོར་སྤུ་ཧྲེང་རྫོང་བར་ག་ཤང་དར་ཆེན་མངགས་གཏོང་ཁང་དུ་འབྱོར་བ་དང་། ད་ལྟ་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་རེད།

    3 པ་སངས་ཕུན་ཚོགས་སུའོ་ཀྲང་བྱེད་རིང་གི་བགྲང་བྱ་དགུ་ཡི་ནང་། བཟའ་མི་བུ་ཕྲུག་མཉམ་དུ་འཛོམས་ནས་ལོ་གསར་ཐེངས་གསུམ་ལས་གཏོང་མྱོང་མེད།

    དུས་བདེའི་ཕོ་ཉ།

    ཁྱིམ་ཚང་མང་པོ་ནང་མི་མཉམ་འཛོམས་བྱེད་སྐབས། ཁོང་ཚོས་ལས་གནས་བརྟན་པོར་བསྲུངས་ནས་དུས་བདེ་སྲུང་སྐྱོང་བྱེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལས་གནས་བརྟན་པོར་སྲུང་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ། མཐའ་མཚམས་བདེ་འཇགས་དང་འཆམ་མཐུན་ཡོང་བར་བྱས་པ་རེད།

    དར་ཆེན་མཐའ་མཚམས་མངགས་གཏོང་ཁང་དེ་གངས་རིན་པོ་ཆེའི་རི་གཤམ་དུ་གནས་པ་དང་། དོ་དམ་བྱེད་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4086ཟིན་པ། བཅའ་སྡོད་བྱ་ཡུལ་གྱི་ས་བབ་མཐོ་ཚད་སྨི་4810ཟིན་པ། མི་དམངས་ཉེན་རྟོག་པ་20ལྷག་ཙམ་ཡོད་པ་རེད། མངགས་གཏོང་ཁང་གིས་རྒྱུན་གཏན་གྱི་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་། གྱོད་གཞི་སྒྲུབ་གཉེར། ཁོངས་གཏོགས་ཁུལ་གྱི་མི་འབོར་དོ་དམ་ལས་དོན་ཡག་པོ་སྒྲུབ་པ་ཕུད། ད་དུང་ས་བབ་མཐོ་བའི་འཕྲལ་སྡོམ་རོགས་སྐྱོབ་ལས་འགན་ཡང་སྒྲུབ་བཞིན་ཡོད།

    གསར་འགོད་པ་མངགས་གཏོང་ཁང་དེར་འབྱོར་ཉེར་ཡོད་པའི་སྐབས་སུ། རླུང་ཆེན་ཞིག་འུར་འུར་དུ་ལྡང་བྱུང་། གནམ་གཤིས་ངན་པ་དེ་འདྲའི་ཁྲོད་དུ། གཟུགས་སྟོབས་ཆེ་ལ་ངོ་གདོང་ཅུང་ནག་པའི་སྐྱེས་པ་ཞིག་མངགས་གཏོང་ཁང་གི་སྒོ་འགྲམ་དུ་གསར་འགོད་པ་བསུ་བར་སླེབས་འདུག

    དུས་ཐོག་ཆར་པ།

    ཁོང་གི་མིང་ལ་པ་སངས་ཕུན་ཚོགས་ཟེར་ཞིང་སྤུ་ཧྲེང་རྫོང་བར་ག་ཤང་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་རེད།

    2015ལོར་པ་སངས་ཕུན་ཚོཌ་དར་ཆེན་མངཌ་གཏོང་ཁང་དུ་འབྱོར། ཁོང་ནི་དུས་རྒྱུན་ཕྱིར་རྐང་ཐང་མར་འགྲོ་རྒྱུར་དགའ་པོ་ཡོད་སྟབས། རྒྱུན་གཏན་གྱི་ལས་ཀ་ཚར་རྗེས། རྟག་ཏུ་རྐང་ཐང་མར་མངགས་གཏོང་ཁང་གི་ཉེ་འཁོར་དང་རི་སྐོར་དུ་འགྲོ་གི་ཡོད། འགྲོ་ཐེངས་རེར་ཁོང་གིས་རི་སྐོར་ལམ་གྱི་གནས་ཚུལ་དང་གནམ་གཤིས་ལ་ལྟ་ཞིབ་དང་ཡུལ་སྐོར་བར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་སོགས་བྱེད་ཀྱི་ཡོད། དེ་ལྟར་ལོ་མང་རིང་ཉམས་ཞིབ་བྱས་པ་བརྒྱུད། ད་ཆ་གངས་རིན་པོ་ཆེའི་ཉེ་འཁོར་གྱི་རི་དང་ཆུ་བོ་ཚང་མ་ས་བཀྲ་བཞིན་དུ་པ་སངས་ཕུན་ཚོགས་ཀྱི་བློ་ངོར་ངེས་ཡོད།

    རྒྱུན་གཏན་གྱི་ལས་དོན་སྒྲུབ་སྐབས། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་རོགས་སྐྱོབ་ལས་དོན་དེ་བས་ལེགས་པར་སྤེལ་ཆེད། པ་སངས་ཕུན་ཚོགས་ཀྱིས་ཚང་མར་རྐང་ཐང་མར་སྐོར་ལམ་ཧྲིལ་པོར་ཉུང་མཐར་ཡང་ཐེངས་གཅིག་བསྐྱོད་དེ་ལམ་གྱི་གནས་ཚུལ་ལ་རྒྱུས་མངའ་ལོན་པ་བྱེད་དགོས་པའི་བླང་བྱ་བཏོན་གྱི་ཡོད་པ་མ་ཟད། ད་དུང་ཉེན་བརྡའི་ཁ་པར་འབྱོར་རྗེས་འཕྲལ་མར་གནས་ཚུལ་ཐོན་ས་གང་དུ་ཡིན་པ་ཤེས་ཐུབ་པ་དང་རོགས་སྐྱོབ་སྒྲིག་འཛུགས་ཀྱི་ལམ་ཐིག་ལམ་སེང་བཟོ་ཐུབ་པར་བྱ་ཆེད། ཆེད་མངགས་གངས་རིན་པོ་ཆེའི་ཉེ་འཁོར་གྱི་མཛེས་ལྗོངས་ཁུལ་གྱི་བྱེ་གཞོང་ཞིག་བཟོས་ཡོད།

    རོགས་སྐྱོབ་ཀྱི་ལས་འགན་འབྱོར་སྐབས། ཡུལ་སྐོར་བས་ཉེ་འཁོར་གྱི་ས་བབ་རགས་ཙམ་བརྗོད་ན། ང་ཚོས་གང་དུ་ཡིན་མིན་ལམ་སེང་ཤེས་ཐུབ་ཅེས་པ་སངས་ཕུན་ཚོགས་ཀྱིས་གདེང་ཚོད་ཆེན་པོས་བརྗོད། གདེང་ཚོད་དེ་ནི་ཁོང་གིས་དུས་རྒྱུན་དུ་སྐོར་གཡེང་དུ་ཐེངས་མང་བསྐྱོད་པ་ལས་བྱུང་བ་ཞིག་རེད།

    རོགས་སྐྱོབ་ཐེངས་མང་བྱས་པས། པ་སངས་ཕུན་ཚོགས་དང་མི་དམངས་ཉེན་རྟོག་པར་ཡང་ཡུལ་སྐོར་བས་སྐོར་ལམ་གྱི་སྲུང་མ་ཞེས་འབོད་པ་དང་མངཌ་གཏོང་ཁང་གི་ཁ་པར་ཨང་གྲངས་ཀྱང་ཡུལ་སྐོར་གནས་ཡིག་ནང་འཁོད་ཡོད། “ལོ་ལྟར་རོགས་སྐྱོབ་ཧ་ཅང་མང་པོ་བྱེད་དགོས་ཀྱི་ཡོད། མང་ཤོས་སྐབས་སུ་ཉིན་གཅིག་ལ་སྐོར་ལམ་ནས་ཡར་མར་ཐེངས་བཞི་ཙམ་བསྐྱོད་དགོས་ཀྱི་ཡོད། ལོ་གཅིག་ལ་རོགས་སྐྱོབ་བྱས་པའི་མི་གྲངས་བདུན་བརྒྱ་བརྒྱད་བརྒྱ་ཟིན་གྱི་ཡོད། ང་ཚོར་ཡང་རྟག་ཏུ་ཡུལ་སྐོར་བའི་གོས་དར་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་འབྱོར་གྱི་ཡོད་མོད། འོན་ཀྱང་། ང་ཚོའི་སེམས་ནང་གོས་དར་དེ་འདྲ་རག་ན་སྙམ་གྱི་མི་འདུག གང་ལགས་ཤེ་ན། གོས་དར་ག་ཚོད་ཀྱིས་མང་ན་དེ་ཚོད་ཀྱིས་ཉེན་ཁ་འཕྲད་མྱོང་བའི་ཡུལ་སྐོར་བ་མང་པོ་ཡོད་པ་མཚོན་གྱི་ཡོད། ང་ཚོས་སེམས་གཏིང་ནས་འདི་གར་སླེབས་པའི་ཡུལ་སྐོར་བ་ཚང་མ་བདེ་འཇགས་ངང་ལོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་པ་སངས་ཕུན་ཚོགས་ཀྱིས་བཤད།

    སྤྱི་དོན་ལྷུར་ལེན།

    གངས་རིན་པོ་ཆེའི་རི་འདབས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཡོད་ལ་བློས་གཏོང་ཡང་མང་པོ་བྱས་ཡོད། རོགས་སྐྱོབ་ལས་དོན་སྤེལ་བར་སྐྱོད་སྐབས། དགོང་མོ་དུས་ཚོད་ཕྱི་པོ་ག་ཚོད་ཡིན་ན་ཡང་། མི་དམངས་ཉེན་རྟོག་པས་ཐོན་ཁར་ནང་མིར་ཆ་འཕྲིན་ཞིག་བསྐུར་གྱི་ཡོད་པ་དང་། བདེ་འཇགས་ངང་ཕྱིར་ལོག་རྗེས། ནང་མིར་ཡང་བསྐྱར་ཆ་འཕྲིན་ཞིག་བསྐུར་ནས་བདེ་འཇགས་ཡིན་ལུགས་མཚོན་པར་བྱེད་ཀྱི་ཡོད། ནང་མི་དང་མཉམ་དུ་ལོ་གསར་གཏོང་ཐུབ་པ་བྱ་རྒྱུ་ནི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོའི་བསམ་འདུན་ཆེ་ཤོས་སུ་གྱུར་ཡོད།

    པ་སངས་ཕུན་ཚོགས་སུའོ་ཀྲང་བྱེད་པའི་ལོ་9ཡི་རིང་། ནང་མི་དང་མཉམ་དུ་འཛོམས་ནས་ལོ་གསར་ཐེངས་གསུམ་ལས་གཏོང་མྱོང་མེད། ཁྱིམ་དུ་ལོ་6ལ་སླེབས་པའི་བུ་མོ་ཆེ་བ་དང་ཐུག་འཕྲད་བྱེད་པ་ཧ་ཅང་ཉུང་ཉུང་རེད། “ངའི་བུ་མོ་ཆེ་བ་གློག་བརྙན‘གངས་འཁྱགས་ཁྲོད་ཀྱི་ལས་འཕྲོ’ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད། ལོ་ལྟར་ལོ་གསར་གཏོང་བར་ལོག་མ་ཐུབ་ཚེ་ངས་བུ་མོར་ཨ་ཕ‘གངས་འཁྱགས་ཁྲོད་ཀྱི་ལས་འཕྲོའི’ནང་གི་སྲས་མོ་ཨའེ་ཧྲ་སྡོད་སའི‘བྱང་རིར’མི་སྐྱོབ་པར་སྐྱོད་ཀྱི་ཡོད། འགུལ་རིས་ནང་གི‘བྱང་རིའི’སྲུང་དམག་ལྟར་ཡིན་ཞེས་བརྗོད་ཀྱི་ཡོད”ཅེས་བརྗོད། བཤད་མཚམས་འདིར་སླེབས་སྐབས་པ་སངས་ཕུན་ཚོགས་ཀྱི་མིག་ལ་མཆི་ཞག་འཁོར།

    ཡང་བསྐྱར་ལོ་གཅིག་གི་མཉམ་འཛོམས་ཀྱི་དུས་ལ་སླེབས་ཤིང་། པ་སངས་ཕུན་ཚོགས་དང་མི་དམངས་ཉེན་རྟོག་པ་ཚོ་ལས་རེས་བྱེད་དགོས་པའི་རྐྱེན་གྱིས་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་ཐུབ་མེད། ཁོང་ཚོ་དང་འདྲ་བའི“ཕ་ཡུལ་དུ་ལོག་མ་ཐུབ་པ”དག་གིས“ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བའི”ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་མངོན་པར་བྱས་ཡོད། ཁོང་ཚོས་སྤྱིར་བཏང་གི་ལས་གནས་བརྟན་པོར་བསྲུངས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོར་དུས་བདེ་ཞི་མཐུན་དང་བདེ་སྐྱིད་མཉམ་འཛོམས་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།