དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
80 ཅི་ཞིག་ལ་ནུས་པ་མི་ལྡན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཟེར།
ནུས་པ་མི་ལྡན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཅེས་པ་ནི་བཙུགས་ཚར་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ལ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་ལྡན་གྲུབ་ཆ་ལྡན་མེད་པའི་དབང་གིས་བྱ་སྤྱོད་སྤེལ་མིས་འདོད་བློ་སྟོན་པའི་ནང་དོན་གྱི་བླང་བྱ་རྩ་བ་ནས་ཐོན་མི་ཐུབ་པའི་དམངས་དོན་བཅའ་ཁྲིམས་མཇུག་འབྲས་ལ་ཟེར། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཞེས་པ་ལ་གོ་དོན་གསུམ་ཡོད་དེ། གཅིག་ནི་ནུས་པ་མི་ལྡན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་ལྡན་ཆ་རྐྱེན་མེད་པ། གཉིས་ནི་བྱ་སྤྱོད་སྤེལ་མིས་འདོད་བློ་སྟོན་པའི་བཅའ་ཁྲིམས་མཇུག་འབྲས་རྩ་བ་ནས་ཐོན་མི་ཐུབ་པ་སྟེ་དོ་བདག་གི་འདོད་བློ་སྟོན་པའི་ནང་དོན་ལྟར་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པ་དང་སྒྱུར་བ། མཇུག་སྒྲིལ་བ་བཅས་བྱེད་མི་ཐུབ་ཀྱང་བཅའ་ཁྲིམས་མཇུག་འབྲས་གཞན་པ་ཐོན་སྲིད་པ། གསུམ་ནི་ནུས་པ་མི་ལྡན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་གཏན་འཁེལ་ཞིང་རྩ་བ་ནས་དང་། ཐོག་མ་ཉིད་ནས་ནུས་པ་མི་ལྡན་པ་ཡིན། ནུས་པ་མི་ལྡན་པ་གཏན་འཁེལ་བ་ཞེས་པ་ནི་ཆད་སྐོང་ཡོ་བསྲང་ངམ་ཐབས་ཤེས་གཞན་པ་གཏོང་བ་གང་ཡིན་རུང་བཅའ་ཁྲིམས་ཀྱི་ནུས་པ་འཐོན་མི་སྲིད་པ་ལ་ཟེར། ནུས་པ་རྩ་བ་ནས་མེད་པ་ཞེས་པ་ནི་བྱ་སྤྱོད་དེ་ལ་ནུས་པ་མི་ལྡན་པ་ཡིན་པ་མི་སུ་ཞིག་གིས་ཀྱང་བསམ་འཆར་འདོན་མི་དགོས་ཤིང་ཁྲིམས་ཁང་ངམ་འདུས་གཅོད་ལས་ཁུངས་ཀྱིས་ཀྱང་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་མི་དགོས་པའི་ཆ་རྐྱེན་ཟུར་སྣོན་མེད་པའི་ནུས་པ་རྩ་བ་ནས་མེད་པ་ཡིན། ཐོག་མ་ཉིད་ནས་ནུས་པ་མི་ལྡན་པ་ཞེས་པ་ནི་བྱ་སྤྱོད་དེ་ཐོག་མ་ཉིད་ནས་བཅའ་ཁྲིམས་ཀྱི་འཆིང་ནུས་མི་ལྡན་པ་ལ་ཟེར།
81 གནས་ཚུལ་གང་འདྲ་ཞིག་བྱུང་ན་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ན། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
(1)དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
(2)དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་མིས་སྤེལ་བའི་རང་ཉིད་ཀྱི་ལོ་ཚོད་དང་། རིག་སྟོབས། སེམས་ཁམས་བདེ་ཐང་བཅས་ཀྱི་གནས་ཚུལ་དང་འཚམ་པོ་མེད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དག་ཁྲིམས་བཀོད་ལས་ཚབ་པས་སྔོན་དུ་མོས་མཐུན་མེད་པའམ་རྗེས་སུ་རྗེས་བྱུང་ཁས་ལེན་མི་བྱེད་པ་ཡིན་ན། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ལ་ནུས་པ་མི་ལྡན་པ་ཡིན།
(3)བྱ་སྤྱོད་སྤེལ་མི་དང་བལྟོས་བཅས་མིས་རྫུན་མ་ཡིན་པའི་འདོད་བློ་སྟོན་པས་ལག་བསྟར་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
(4)བྱ་སྤྱོད་སྤེལ་མི་དང་བལྟོས་བཅས་མིས་སེམས་ངན་ལྐོག་འབྲེལ་བྱས་ནས་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་རྐྱེན་བཟོས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
(5)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན། ཡིན་ན་ཡང་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དེས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ནུས་པ་མེད་པར་མི་བཟོ་བ་ཡིན་ན་འདིའི་ཁོངས་སུ་མི་ཚུད།
(6)སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
82 དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ནུས་པ་མི་ལྡན་པའམ་ཕྱིར་འཐེན་བྱས་པ་ཡིན་ན་བཅའ་ཁྲིམས་མཇུག་འབྲས་གང་འདྲ་ཞིག་ཐོན་སྲིད་དམ།
དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནུས་པ་མི་ལྡན་པའམ་ཕྱིར་འཐེན་བྱས་པའི་བཅའ་ཁྲིམས་མཇུག་འབྲས་ཞེས་པ་ནི་ནུས་པ་མི་ལྡན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དམ་ཕྱིར་འཐེན་བྱས་ཆོག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་དོ་བདག་གིས་བྱ་སྤྱོད་དེ་ནུས་པ་མི་ལྡན་པའམ་ཕྱིར་འཐེན་བྱས་པའི་བཅའ་ཁྲིམས་དོན་དངོས་ལ་གཞིགས་ནས་ཁྲིམས་ལྟར་རྒྱུ་ནོར་ཕྱིར་སློག་པ་དང་གུན་གསབ་སྤྲོད་པ་སོགས་ཀྱི་དམངས་དོན་འགན་འཁྲི་འཁུར་དགོས་པ་ལ་ཟེར། དམངས་དོན་བྱ་སྤྱོད་ལ་ནུས་པ་མི་ལྡན་པའམ་ཕྱིར་འཐེན་བྱས་པ་གཏན་འཁེལ་བྱས་པ་ཡིན་ན། བྱ་སྤྱོད་བཙུགས་མ་ཐག་ཏུ་བཅའ་ཁྲིམས་ནུས་པ་མི་ལྡན་པ་ཡིན། ཡིན་ན་ཡང་ནུས་པ་མི་ལྡན་པ་འདི་རིགས་ནི་དོ་བདག་གིས་སྔོན་དཔག་བྱས་པའི་བཅའ་ཁྲིམས་མཇུག་འབྲས་མི་འབྱུང་ཡང་བཅའ་ཁྲིམས་ཀྱིས་ཐད་ཀར་གཏན་འབེབས་བྱེད་པའི་མཇུག་འབྲས་ཐོན་ཐུབ། ཞིབ་ཕྲའི་སྒོ་ནས་བཤད་ན། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པའམ་ཕྱིར་འཐེན་བྱས་པ་ཡིན་ན་གཤམ་གསལ་མཇུག་འབྲས་གཉིས་ཐོན་སྲིད་དེ།
(1)རྒྱུ་ནོར་ཕྱིར་སློག་པ། རྒྱུ་ནོར་ཕྱིར་སློག་པ་ཞེས་པ་ནི་དམངས་དོན་བྱ་སྤྱོད་ལ་ནུས་པ་མི་ལྡན་པའམ་ཕྱིར་འཐེན་བྱས་པར་གཏན་འཁེལ་བྱས་རྗེས། དོ་བདག་གིས་དམངས་དོན་བྱ་སྤྱོད་དེ་ལ་བརྟེན་ནས་ཐོབ་པའི་རྒྱུ་ནོར་གནོད་འཚེ་ཕོག་ཡུལ་གྱི་ཕྱོགས་ལ་ཕྱིར་སློག་དགོས་པ། ཕྱོགས་གཅིག་གིས་ཐོབ་པ་ཡིན་ན། རྒྱུ་ནོར་ཐོབ་ཕྱོགས་ཀྱིས་རྒྱུ་ནོར་དེ་ཕ་རོལ་པོའི་ཕྱོགས་ལ་ཕྱིར་སློག་དགོས་ཤིང་ཕྱོགས་གཉིས་ཀས་ཐོབ་པ་ཡིན་ན་ཕན་ཚུན་ཕྱིར་སློག་བྱེད་དགོས། རྒྱུ་ནོར་ཕྱིར་སློག་བྱེད་པའི་ཁྱབ་ཁོངས་དེ་རྒྱུ་ནོར་ཆ་ཚང་ཕྱིར་སློག་དགོས་པ་རྩ་དོན་དུ་བྱེད་དགོས་པ་སྟེ། ཕ་རོལ་པོས་སྤྲད་པའི་རྒྱུ་ནོར་དེ་ཕྱིར་སློག་བྱེད་སྐབས་སོར་གནས་ཡོད་མེད་གང་ཡིན་རུང་རྩ་དོན་ཐོག་ཕྱིར་སློག་བྱེད་པའི་འོས་འགན་འཁུར་མིས་ངེས་པར་ཐོག་མའི་གྲངས་ཚད་དང་ཐོག་མའི་རིན་གོང་ལྟར་ཕྱིར་སློག་བྱེད་དགོས། ཐོག་མའི་དངོས་པོ་དེ་རང་འཇགས་ཡོད་ན་དངོས་པོ་དེ་རང་འཇགས་ཕྱིར་སློག་བྱེད་དགོས། ཐོག་མའི་དངོས་པོ་དེར་སྐྱོན་ཤོར་ཡོད་ན་ཞིག་གསོ་བྱས་རྗེས་ཕྱིར་སློག་བྱེད་དགོས་པའམ་དེ་འཚམ་གྱི་སྐྱིན་གསབ་སྤྲད་དགོས། ཕ་རོལ་པོས་དངུལ་སྤྲད་པ་ཡིན་ན་མ་དངུལ་ཕྱིར་སློག་བྱེད་དགོས་པ་ཕུད། ད་དུང་དངུལ་ཁང་གི་སྐྱེད་ཚད་ལྟར་སྐྱེད་ཀ་སྤྲོད་དགོས། ཕ་རོལ་པོས་མཁོ་འདོན་བྱས་པའི་དངོས་པོ་ནི་ངལ་ལས་དང་གཟུགས་མེད་རྒྱུ་ནོར་རམ་ཕྱིར་སློག་བྱེད་ཐབས་བྲལ་བའི་ཁེ་ཕན་གཞན་དག་ཡིན་ན། དངུལ་ལོར་ངེས་ཅན་ཞིག་ཏུ་ཕབ་རྩིས་བྱས་ནས་ཚབ་སྤྲོད་བྱེད་དགོས།
(2)གྱོང་གུན་སྐྱིན་གསབ་འཇལ་བ། གྱོན་གུན་སྐྱིན་གསབ་འཇལ་བ་ཞེས་པ་ནི་དམངས་དོན་བྱ་སྤྱོད་དེ་ནུས་པ་མི་ལྡན་པའམ་ཕྱིར་འཐེན་བྱས་པ་གཏན་འཁེལ་བྱས་རྗེས། ནོར་འཛོལ་ཡོད་པའི་དོ་བདག་གིས་ཕ་རོལ་པོའི་ཕྱོགས་ལ་དེའི་རྐྱེན་གྱིས་བཟོས་པའི་གྱོང་གུན་ལ་སྐྱིན་གསབ་འཇལ་དགོས། ཕྱོགས་ཚང་མར་ནོར་འཛོལ་ཡོད་ན་རང་རང་སོ་སོས་འོས་འཚམ་གྱི་འགན་འཁྲི་འཁུར་དགོས། དེའི་ནང་གི་ནོར་འཛོལ་ཞེས་པར་བསམ་བཞིན་དུ་བྱས་པའམ་ལས་འཛོལ་ཤོར་ནས་བྱས་པའི་གོ་དོན་གཉིས་ཚུད་ཡོད། བསམ་བཞིན་དུ་བྱས་པ་ཡིན་ཡང་རུང་། ལས་འཛོལ་ཤོར་བའི་རྐྱེན་གྱིས་བྱས་པ་ཡིན་ཡང་རུང་། གང་ལྟར་ཕ་རོལ་པོའི་དོ་བདག་ལ་གྱོང་གུན་བཟོས་ཡོད་ན། སྐྱིན་གསབ་འཇལ་བའི་འགན་འཁྲི་འཁུར་དགོས། རང་རང་སོ་སོས་འོས་འཚམ་གྱི་འགན་འཁྲི་འཁུར་བ་ཞེས་པ་ཡང་ཕྱོགས་གཉིས་ཀ་སོ་སོའི་ནོར་འཛོལ་གྱི་ཚད་དང་དམངས་དོན་བྱ་སྤྱོད་ནུས་པ་མི་ལྡན་པའམ་ཕྱིར་འཐེན་བྱེད་དུ་བཅུག་པར་བཏང་བའི་ཤུགས་རྐྱེན་གྱི་ཆེ་ཆུང་གཞིར་བཞག་ཁོ་ཚོས་འཁུར་དགོས་པའི་འགན་འཁྲི་གཏན་འཁེལ་བྱེད་དགོས་པ་ལ་ཟེར། ལག་ལེན་ཁྲོད་དུ་སྤྱིར་བཏང་གཏན་འཁེལ་བྱས་པའི་ཕྱོགས་གཉིས་ཀས་འཁུར་དགོས་པའི་འགན་འཁྲི་དང་རང་རང་སོ་སོའི་གྱོང་གུན་ཕབ་རྩིས་བྱས་རྗེས་ད་དུང་གྱོང་གུན་ཕོག་ཡོད་མཁན་གྱི་ཕྱོགས་ལ་སྐྱིན་གསབ་འཇལ་དགོས།
དོ་སྣང་བྱེད་དགོས་པ་ཞིག་ལ། དོ་བདག་གིས་དམངས་དོན་འགན་འཁྲི་འཁུར་བར་དམངས་དོན་འགན་འཁྲི་གཞན་པ་དང་ཐ་ན་སྲིད་འཛིན་འགན་འཁྲི་འཁུར་དགོས་པའི་འོས་འགན་མི་འགེལ་བ་ཞིག་མིན། གནས་ཚུལ་ཚབས་ཆེན་པོ་ཡིན་ན། དོ་བདག་གི་ཉེས་དོན་གྱི་འགན་འཁྲིའང་བདའ་འདེད་བྱེད་དགོས།
ས་བཅད་བཞི་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ཟུར་སྣོན་ཆ་རྐྱེན་དང་ཟུར་སྣོན་དུས་བཀག
83 དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཆ་རྐྱེན་ཟུར་སྣོན་བྱས་ཆོག་གམ།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་ང་བརྒྱད་པ་དང་ང་དགུ་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཆ་རྐྱེན་ཟུར་སྣོན་བྱས་ཆོག ཡིན་ནའང་དེའི་ངོ་བོ་ལྟར་ན་ཆ་རྐྱེན་ཟུར་སྣོན་བྱེད་མི་རུང་བ་འདིའི་ཁོངས་སུ་མི་ཚུད། ནུས་པ་ཐོན་པའི་ཆ་རྐྱེན་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། ཆ་རྐྱེན་གྲུབ་པའི་དུས་ནས་ནུས་པ་འཐོན་པ་ཡིན། གྲོལ་འཐེན་ཆ་རྐྱེན་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། ཆ་རྐྱེན་གྲུབ་པའི་དུས་ནས་ནུས་པ་ཤོར་བ་ཡིན། ཆ་རྐྱེན་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དོ་བདག་གིས་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་ཚུལ་མིན་གྱི་སྒོ་ནས་ཆ་རྐྱེན་འགྲུབ་ཏུ་མ་བཅུག་པ་ཡིན་ན། ཆ་རྐྱེན་གྲུབ་པར་རྩི་དགོས། ཚུལ་མིན་གྱི་སྒོ་ནས་ཆ་རྐྱེན་འགྲུབ་ཏུ་བཅུག་པ་ཡིན་ན། ཆ་རྐྱེན་མ་གྲུབ་པར་རྩི་དགོས།
ཆ་རྐྱེན་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནུང་དུ་ཆ་རྐྱེན་ཟུར་སྣོན་བྱེད་པར་གཤམ་གསལ་ཆ་རྐྱེན་ལྔ་འཛོམས་དགོས་ཏེ། (1)ཆ་རྐྱེན་དེ་ངེས་པར་ཕྱིས་སུ་འབྱུང་ཡང་ད་ལྟར་བྱུང་མེད་པའི་དོན་དངོས་ཤིག་ཡིན་དགོས། (2)ཆ་རྐྱེན་ངེས་པར་ཕྱིས་སུ་འབྱུང་སྲིད་པའི་དོན་དངོས་ཡིན་དགོས། (3)ཆ་རྐྱེན་དུ་བྱེད་པའི་དོན་དངོས་དེ་འབྱུང་ཐུབ་མིན་དང་དུས་ནམ་ཞིག་འབྱུང་བར་སྔོན་དཔག་བྱེད་མི་ཐུབ། (4)ཆ་རྐྱེན་དུ་བྱེད་པའི་དོན་དངོས་དེ་ངེས་པར་ཁྲིམས་མཐུན་ཡིན་དགོས། ཁྲིམས་དང་འགལ་བའི་དོན་དངོས་རྣམས་ཆ་རྐྱེན་དུ་བྱེད་མི་རུང་། (5)ཆ་རྐྱེན་དུ་བྱེད་པའི་དོན་དངོས་དེ་ངེས་པར་དོ་བདག་གིས་ཁ་ཆད་བཞག་པའི་དོན་དངོས་ཡིན་དགོས་པ་ལས་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་ཡིན་མི་རུང་། དེ་འདྲ་མིན་ཚེ་དེ་ལས་བྱུང་བའི་ཁེ་དབང་དང་འོས་འགན་དེ་ཁྲིམས་བཀོད་ཡིན་པ་ལས་དོ་བདག་གིས་ཁ་ཆད་བཞག་པའི་ཁེ་དབང་དང་འོས་འགན་མ་ཡིན།