དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    ཕྱིར་འཐེན་བྱས་ཆོག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཁྲོད་ཀྱི་གོ་ནོར་ཆེན་པོ་ཐེབས་པར་གོ་བ་ཇི་ལྟར་ལེན་དགོས།

    གོ་ནོར་ཆེན་པོ་ཐེབས་པ་ཞེས་པ་ནི་བྱ་སྤྱོད་སྤེལ་མིས་བྱ་སྤྱོད་ཀྱི་ངོ་བོ་དང་། ཕ་རོལ་པོའི་དོ་བདག དམིགས་བཀར་དངོས་པོའི་རིགས་དང་རྒྱུ་སྤུས། གཞི་རྒྱ། གྲངས་ཚད་བཅས་ལ་ནོར་འཁྲུལ་གྱི་ངོས་འཛིན་བྱས་ནས་བྱ་སྤྱོད་ཀྱི་མཇུག་འབྲས་དེ་རང་ཉིད་ཀྱི་འདོད་བློ་ངོ་མ་དང་འགལ་ཞིང་གྱོང་གུན་ཆེན་པོ་བཟོས་པ་ཡིན་ན་གོ་ནོར་ཆེན་པོ་ཐེབས་པར་ངེས་གཟུང་བྱས་ཆོག གོ་ནོར་ཆེན་པོ་ཐེབས་པ་ཆགས་གྲུབ་བྱུང་དགོས་ན་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་ཏེ།

    (1) དོ་བདག་ངོས་འཛིན་ཐད་ནོར་འཁྲུལ་བྱུང་ནས་ནོར་འཁྲུལ་གྱི་འདོད་བློ་སྟོན་པ་དང་། དོ་བདག་གིས་དགོས་ངེས་ཀྱི་ཤེས་བྱ་དང་ནུས་རྩལ། ཆ་འཕྲིན་བཅས་མི་ཤེས་པའམ། དགོས་ངེས་ཀྱི་ཉོ་ཚོང་གི་ནུས་པ་དང་ཉམས་མྱོང་མེད་པའི་དབང་གིས་གན་རྒྱའི་ནང་དོན་ལ་ངོས་འཛིན་ནོར་འཁྲུལ་བྱས་ནས་ནོར་འཁྲུལ་གྱི་འདོད་བློ་སྟོན་པ།

    (2) བྱ་སྤྱོད་སྤེལ་མིའི་གོ་ནོར་ཐེབས་པ་དང་ཁོས་འདོད་བློ་སྟོན་པའི་བར་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ།

    (3) གོ་ནོར་ཐེབས་པ་དེ་ནི་གོ་ནོར་ཐེབས་ཡུལ་ཕྱོགས་རང་ཉིད་ཀྱི་ནོར་འཛོལ་ལས་བྱུང་བ་ཡིན་པ།

    (4) གོ་ནོར་ཐེབས་པ་ནི་གོ་ནོར་ཐེབས་ཡུལ་ཕྱོགས་ཀྱིས་བསམ་བཞིན་དུ་བཟོས་པ་མིན་པ།

    (5) གོ་ནོར་ཐེབས་ཡུལ་ཕྱོགས་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཐེབས་པ་བཅས་ཡིན།

    《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་ཞེ་བདུན་པའི་ནང་གཏན་འབེབས་བྱས་པ་ལྟར་ན། གོ་ནོར་ཆེན་པོ་ཐེབས་པའི་ཐོག་ནས་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། བྱ་སྤྱོད་སྤེལ་མི་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་འདོན་དབང་ཡོད།

    ཕྱིར་འཐེན་བྱས་ཆོག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཁྲོད་ཀྱི་མགོ་སྐོར་གཏོང་བར་གོ་བ་ཇི་ལྟར་ལེན་དགོས།

    མགོ་སྐོར་གཏོང་བ་ཞེས་པ་ནི་དོ་བདག་ཕྱོགས་གཅིག་གིས་བསམ་བཞིན་དུ་གནས་ཚུལ་རྫུན་མ་འདོན་སྤྲོད་བྱེད་པའམ་བསམ་བཞིན་དུ་གནས་ཚུལ་ངོ་མ་སྦ་གསང་བྱས་ནས་ཕ་རོལ་པོར་ནོར་འཁྲུལ་གྱི་ངོས་འཛིན་ཐོག་ནས་དམངས་དོན་བཅའ་ཁྲིམས་འབྲེལ་བ་བཙུགས་པར་ཟེར། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བའི་བརྒྱུད་རིམ་དུ་མགོ་སྐོར་གཏོང་བའི་གནས་ཚུལ་ཡོད་མེད་བརྡར་ཤ་གཅོད་པར་གཤམ་གསལ་ཕྱོགས་ནས་བསམ་བློ་གཏོང་དགོས་ཏེ།

    (1) མགོ་སྐོར་གཏོང་མཁན་གྱིས་བསམ་བཞིན་དུ་མགོ་སྐོར་བཏང་བ་སྟེ། མགོ་སྐོར་གཏོང་བའི་ཕྱོགས་ཀྱིས་ཕ་རོལ་པོར་སྤྲོད་བྱས་པའི་གནས་ཚུལ་དེ་རྫུན་མ་ཡིན་ཞིང་ཕ་རོལ་པོར་ནོར་འཁྲུལ་གྱི་ངོས་འཛིན་འབྱུང་སྲིད་པ་ཤེས་ཡོད་ཀྱང་མཇུག་འབྲས་འདི་རིགས་ཐོན་པར་རེ་འདོད་བྱེད་པའམ་རྒྱ་ཡན་དུ་གཏོང་བ་དང་།

    (2) མགོ་སྐོར་གཏོང་བའི་ཕྱོགས་ཀྱིས་མགོ་སྐོར་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཡོད་པ། ལག་ལེན་ཁྲོད་དུ་བསམ་བཞིན་དུ་གནས་ཚུལ་རྫུན་མ་ཤོད་པའམ་བསམ་བཞིན་དུ་གནས་ཚུལ་ངོ་མ་སྦ་གསང་བྱས་ནས་ཕ་རོལ་པོར་ནོར་འཁྲུལ་གྱི་ངོས་འཛིན་བྱུང་བཅུག་པ་ནས་མཚོན་ཡོད། མགོ་སྐོར་གཏོང་བའི་བྱ་སྤྱོད་དེ་གསལ་བརྡའི་རྣམ་པའི་ཐོག་ནས་སྤེལ་ཆོག་ལ་ཟུར་བརྡའི་རྣམ་པའི་ཐོག་ནས་ཀྱང་སྤེལ་ཆོག

    (3) མགོ་སྐོར་ཐེབས་ཡུལ་ཕྱོགས་ཀྱིས་མགོ་སྐོར་གཏོང་བར་ངོས་འཛིན་བྱེད་པའི་དབང་གིས་ནོར་འཁྲུལ་གྱི་ངོས་འཛིན་བྱུང་བ།

    (4) མགོ་སྐོར་ཐེབས་ཡུལ་ཕྱོགས་ཀྱིས་ནོར་འཁྲུལ་གྱི་ངོས་འཛིན་བྱུང་བའི་དབང་གིས་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་དམངས་དོན་བཅའ་ཁྲིམས་འབྲེལ་བ་བཙུགས་པ་སྟེ་མགོ་སྐོར་གཏོང་བའི་བྱ་སྤྱོད་དང་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པའི་བར་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ།

    《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་ཞེ་བརྒྱད་པ་དང་ཞེ་དགུ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། ཕྱོགས་གཅིག་གིས་མགོ་སྐོར་གྱི་ཐབས་ལ་བརྟེན་ནས་ཕ་རོལ་པོ་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་སྤེལ་དུ་བཅུག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། མགོ་སྐོར་ཐེབས་ཡུལ་ཕྱོགས་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད། ཕུང་གསུམ་པས་མགོ་སྐོར་གྱི་བྱ་སྤྱོད་སྤེལ་ནས་ཕྱོགས་གཅིག་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་སྤེལ་དུ་བཅུག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ལ། ཕ་རོལ་པོས་མགོ་སྐོར་གྱི་བྱ་སྤྱོད་དེ་ཤེས་པའམ་ཤེས་དགོས་པ་ཡིན་ན། མགོ་སྐོར་ཐེབས་ཡུལ་ཕྱོགས་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།

    ཕྱིར་འཐེན་བྱས་ཆོག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཁྲོད་ཀྱི་དྲང་གཞག་ཤོར་བ་ལ་གོ་བ་ཇི་ལྟར་ལེན་དགོས།

    དྲང་གཞག་ཤོར་བ་ཞེས་པ་ནི་ཕྱོགས་གཅིག་གི་དོ་བདག་གིས་ལེགས་ཆའམ་ཕ་རོལ་པོར་ཉམས་མྱོང་མེད་པའི་གནས་ཚུལ་བེད་སྤྱོད་བྱས་ནས་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་དྲང་གཞག་དང་རིན་མཉམ་ཚབ་སྤྲོད་བཅས་ཀྱི་རྩ་དོན་དང་མངོན་གསལ་དུ་འགལ་བ་ཡིན་ན། དྲང་གཞག་ཤོར་བར་ངོས་གཟུང་བྱས་ཆོག དྲང་གཞག་ཤོར་བར་གཤམ་གསལ་ཁྱད་ཆོས་ལྡན་ཡོད་དེ།

    (1) དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་དུས་སུ་བྱུང་བ།

    (2) ཕྱོགས་གཅིག་གིས་ཐོབ་པའི་ཁེ་ཕན་དེ་བཅའ་ཁྲིམས་ཀྱིས་ཁས་ལེན་བྱེད་པའི་མཚམས་ཚད་ལས་བརྒལ་ནས་མངོན་གསལ་དུ་དྲང་གཞག་ཤོར་བ་ཡིན་པ།

    (3) གནོད་འཚེ་ཕོག་ཡུལ་གྱི་ཕྱོགས་དཀའ་ཉེན་གྱི་གནས་སུ་གྱར་

    བ་དང་བརྡར་ཤ་གཅོད་ནུས་མེད་པ་སོགས་ཀྱི་གནས་ཚུལ་ནང་ཚུད་པ། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་ང་གཅིག་པའི་ནང་གཏན་འབེབས་བྱས་པ་ལྟར་ན། ཕྱོགས་གཅིག་གིས་ཕ་རོལ་པོ་དཀའ་ཉེན་གྱི་གནས་སུ་གྱར་བ་དང་བརྡར་ཤ་གཅོད་ནུས་མེད་པ་སོགས་ཀྱི་གནས་ཚུལ་བེད་སྤྱོད་བྱས་ནས། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་འགྲུབ་དུས་དྲང་གཞག་ཤོར་དུ་བཅུག་པ་ཡིན་ན། གནོད་རྐྱེན་ཕོག་ཡུལ་ཕྱོགས་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།

    ཕྱིར་འཐེན་བྱས་ཆོག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཁྲོད་ཀྱི་བཙན་སྐུལ་ལ་གོ་བ་ཇི་ལྟར་ལེན་དགོས།

    བཙན་སྐུལ་ཞེས་པ་ནི་མ་འོངས་པར་འབྱུང་སྲིད་པའི་གྱོང་གུན་ནམ་ཐད་ཀར་གྱོང་གུན་གཏོང་བ་བརྒྱུད་བཙན་སྐུལ་བྱས་ནས་ཕ་རོལ་པོ་འཇིགས་སྣང་སྐྱེས་སུ་བཅུག་ནས་ཁོ་དང་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པར་ཟེར། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་བཙན་སྐུལ་དུ་བརྩིས་པར་གཤམ་གསལ་ཆ་རྐྱེན་རྣམས་འཛོམས་དགོས་ཏེ།

    (1) བཙན་སྐུལ་བྱེད་མིས་བསམ་བཞིན་དུ་བཙན་སྐུལ་བྱེད་པ་ཡིན་པ། ཐོག་མར་བཙན་སྐུལ་བྱེད་མིས་རང་ཉིད་ཀྱི་བྱ་སྤྱོད་ཀྱིས་ཕ་རོལ་པོར་འཇིགས་སྣང་སྐྱེས་སྲིད་པ་ཤེས་བཞིན་དུ་བཙན་སྐུལ་བྱེད་པ། དེ་ནས་བཙན་སྐུལ་བྱེད་མིས་བཙན་སྐུལ་བྱེད་པ་བརྒྱུད་ཕ་རོལ་པོས་འདོད་བློ་ངེས་ཅན་སྟོན་དུ་འཇུག་པའི་རེ་འདོད་བྱེད་པ།

    (2) བཙན་སྐུལ་བྱེད་མིས་བཙན་སྐུལ་གྱི་བྱ་སྤྱོད་སྤེལ་བ་སྟེ་མ་འོངས་པར་འབྱུང་སྲིད་པའི་གྱོང་གུན་ནམ་ཐད་ཀར་གྱོང་གུན་གཏོང་བ་བརྒྱུད་བཙན་སྐུལ་བྱེད་པ།

    (3) བཙན་སྐུལ་ཐེབས་ཡུལ་གྱིས་བཙན་སྐུལ་ཕོག་པའི་རྐྱེན་གྱིས་རང་ཉིད་ཀྱི་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་བཙན་སྐུལ་བྱེད་མི་དང་དམངས་དོན་བཅའ་ཁྲིམས་འབྲེལ་བ་བཙུགས་པ་ཡིན་པ།

    (4) བཙན་སྐུལ་གྱི་བྱ་སྤྱོད་ནི་བཅའ་ཁྲིམས་དང་འགལ་བ་ཡིན། ཁྲིམས་མཐུན་གྱི་གཞི་བཞག་ས་ལ་བརྟེན་ནས་ཕ་རོལ་པོ་ལ་གནོན་ཤུགས་སྤྲད་པ་ཡིན་ན་བཙན་སྐུལ་དུ་བརྩིས་མི་ཆོག་སྟེ། དཔེར་ན་སྦྱིན་ཡུལ་གྱི་མིས་སྦྱིན་མིའི་ཁེ་ཕན་ལ་གནོད་རྐྱེན་བཟོས་པ་ཡིན་ན། སྦྱིན་མིས་སྦྱིན་པའི་བྱ་སྤྱོད་ཕྱིར་འཐེན་བྱེད་པ་བརྒྱུད་སྦྱིན་ཡུལ་གྱི་མིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་བཅུག་པ་ལྟ་བུ།

    《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་ལྔ་བཅུ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། ཕྱོགས་གཅིག་གམ་ཕུང་གསུམ་པས་བཙན་སྐུལ་གྱི་ཐབས་ལ་བརྟེན་ནས་ཕ་རོལ་པོ་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་སྤེལ་དུ་བཅུག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། བཙན་སྐུལ་ཐེབས་ཡུལ་ཕྱོགས་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།

    གནས་ཚུལ་གང་འདྲ་ཞིག་བྱུང་ན་ཕྱིར་འཐེན་བྱེད་དབང་མེད་པར་གྱུར་བ་ཡིན།

    《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་ང་གཉིས་པའི་ནང་གཏན་འབེབས་བྱས་པ་ལྟར་ན། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། ཕྱིར་འཐེན་བྱེད་དབང་མེད་པར་གྱུར་པ་ཡིན་ཏེ།

    (1) དོ་བདག་གིས་ཕྱིར་འཐེན་གྱི་དོན་རྩ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་ལོ་གཅིག་གི་ནང་ཚུན་དང་། གོ་ནོར་ཆེན་པོ་ཐེབས་པའི་དོ་བདག་གིས་ཕྱིར་འཐེན་གྱི་དོན་རྩ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་ཉིན་དགུ་བཅུའི་ནང་ཚུན་དུ་ཕྱིར་འཐེན་དབང་ཆ་མ་སྤྱད་པ།

    (2) དོ་བདག་ལ་བཙན་སྐུལ་ཐེབས་པ་དང་། བཙན་སྐུལ་བྱ་སྤྱོད་མཇུག་སྒྲིལ་ཉིན་ནས་ལོ་གཅིག་གི་ནང་ཚུན་དུ་ཕྱིར་འཐེན་དབང་ཆ་མ་སྤྱད་པ།

    (3) དོ་བདག་གིས་ཕྱིར་འཐེན་གྱི་དོན་རྩ་ཤེས་རྗེས་སུ་ཕྱིར་འཐེན་དབང་ཆ་སྤོང་རྒྱུ་གསལ་པོར་བསྟན་པའམ་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་གསལ་སྟོན་བྱས་པ།

    དོ་བདག་གིས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་བྱུང་ཉིན་ནས་ལོ་ལྔའི་ནང་ཚུན་དུ་ཕྱིར་འཐེན་བྱེད་དབང་མ་སྤྱད་པ་ཡིན་ན། ཕྱིར་འཐེན་བྱེད་དབང་མེད་པར་གྱུར་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།