ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས།
བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་འདེགས་བྱེད་སྒོ་སྤེལ་བ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། 《“ཁྱིམ་དུ་བརྩེ་བ་སྦྱིན། བྱིས་པར་ལྷད་མེད་བརྩེ་སེམས་བཅངས་ནས་མཉམ་དུ་འཚར་ལོངས་ཡོང་བར་བྱེད”2024ལོའི་དགུན་ཁའི་གུང་གསེང་སྐབས་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་འདེགས་བྱེད་སྒོ》རང་སྐྱོང་ལྗོངས་བུད་མེད་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་བརྡ་ཐོའི་བླང་བྱ་ལྟར། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་མ་དགུན་གསེང་བཞག་པའི་སྐབས་དང་བསྟུན་ནས། ཁྲེང་ཀོན་ཆུས་ཐལ་སྤུངས་སྒང་སྡེ་ཁུལ་དང་། ཐལ་སྤུངས་སྒང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་གཞིས་ལུས་དང་འཚོ་བར་དཀའ་ངལ་ཡོད་པའི་བྱིས་པར་དམིགས་ནས་གཅེས་སྐྱོང་དང་། རོགས་རམ། དྲོ་སྐྱིད་སྦྱིན་པའི་ཞབས་འདེགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི“གཞོན་ནུ་ལོ་ཆུང་དང་ཁྲིམས་སྐྱོང་སློབ་གསོ་ལག་ལེན་ལྟེ་གནས”སུ་འཆད་ཁྲིད་ཉན་པ་དང་། ཁྲིམས་སྐྱོང་བརྙན་ཐུང་ལྟ་བ། རྟེན་གཞིའི་ཚོམས་ཆེན་དུ་ལྟ་སྐོར་བྱེད་པ། ཕན་ཚུན་ལན་འདེབས་པ་སོགས་ཀྱི་བྱ་ཐབས་བརྒྱུད། གཞིས་ལུས་དང་འཚོ་བར་དཀའ་ངལ་ཡོད་པའི་བྱིས་པ་དང་ཁྱིམ་བདག་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་ཁྲིམས་སྐྱོང་འདུ་ཤེས་སྔར་བས་འཛུགས་པའི་དམིགས་ཡུལ་འགྲུབ་ཐུབ་ཡོད། དེ་རྗེས་གཞིས་ལུས་དང་འཚོ་བར་དཀའ་ངལ་ཡོད་པའི་བྱིས་པ་དང་ཁྱིམ་བདག་དབར་འབྲེལ་གཏུག་བྱ་རྒྱུ་མི་འདང་བའམ་ཁྱིམ་ཚང་སློབ་གསོར་ཤུགས་རྒྱག་རྒྱུ་མི་འདང་བ་དང་སློབ་གསོ་ཆ་མི་ཚང་བའི་གནད་དོན་ལ་དམིགས་ཏེ། སློབ་གསོའི་རིགས་གཅིག་མཁས་ཅན་ཚེ་ཟླ་བ་གདན་དྲངས་ནས། ལྟ་སྐོར་ནང་ཞུགས་མཁན་རྣམས་ལ་ཁྱིམ་ཚང་སློབ་གསོའི་སྐོར་འཆད་ཁྲིད་བྱས་པས་ཁྱིམ་བདག་གི་སློབ་གསོའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་ལ། ཁྱིམ་བདག་གིས་ཕྲུ་གུའི་དགོས་མཁོ་གང་ཡིན་ཤེས་རྟོགས་དང་འཚར་ལོངས་རིང་འཕྲད་པའི་འགྲན་སློང་ལ་གོ་བ་ཇི་ལྟར་ལེན་པར་རོགས་རམ་ཐུབ་ནས་ཁྱིམ་ཚང་ཞི་མཐུན་འཕེལ་རྒྱས་ཡོང་བར་སྐུལ་མའང་ཐེབས་ཡོད་པ་རེད།