དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    དམངས་དོན་བྱེད་པོས་འདོད་བློ་སྟོན་པའི་འགྲེལ་བཤད་ལ་རྩོད་གཞི་བྱུང་ཚེ་ཐག་གཅོད་གང་འདྲ་བྱེད་དགོས།

    《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་ཞེ་གཉིས་པའི་ནང་གཏན་འབེབས་བྱས་པ་ལྟར་ན། བལྟོས་བཅས་མིའི་འདོད་བློ་སྟོན་པར་འགྲེལ་བཤད་ཡོད་ཚེ། བེད་སྤྱོད་བྱས་པའི་ཚིག་སྦྱོར་གཞིར་བཞག་ཐོག་འབྲེལ་ཡོད་ཀྱི་དོན་ཚན་དང་། བྱ་སྤྱོད་ཀྱི་ངོ་བོ་དང་དམིགས་ཡུལ། གོམས་སྲོལ་བཅས་དང་དེ་བཞིན་ཁ་དན་ཚིག་གནས་ཀྱི་རྩ་དོན་དང་ཟུང་འབྲེལ་བྱས་ནས་འདོད་བློ་སྟོན་པའི་གོ་དོན་གཏན་འཁེལ་བྱེད་དགོས།

    བལྟོས་བཅས་མིའི་འདོད་བློ་སྟོན་པར་འགྲེལ་བཤད་མེད་ཚེ། བེད་སྤྱོད་བྱས་པའི་ཚིག་སྦྱོར་ཁོ་ནར་མི་ལྟ་བར། འབྲེལ་ཡོད་ཀྱི་དོན་ཚན་དང་། བྱ་སྤྱོད་ཀྱི་ངོ་བོ་དང་དམིགས་ཡུལ། གོམས་སྲོལ་བཅས་དང་དེ་བཞིན་ཁ་དན་ཚིག་གནས་ཀྱི་རྩ་དོན་དང་ཟུང་འབྲེལ་བྱས་ནས་བྱ་སྤྱོད་སྤེལ་མིའི་འདོད་བློ་ངོ་མ་གཏན་འཁེལ་བྱེད་དགོས།

    དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་སྤེལ་བའི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཇི་ལྟར་གཏན་འཁེལ་བྱེད་དགོས།

    (1)དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱེད་མིས་བྱ་དགའ་དང་། སྦྱིན་པ། ཐོབ་ཆ་སོགས་ལེན་པར། མི་གཞན་གྱིས་བྱ་སྤྱོད་སྤེལ་མིར་བྱ་སྤྱོད་སྤེལ་ནུས་མེད་པ་དང་བྱ་སྤྱོད་སྤེལ་ནུས་ཛོད་འཛིན་བྱས་པར་ཁ་གཡར་ནས་གོང་གི་བྱ་སྤྱོད་དག་ནུས་པ་མི་ལྡན་ཞེས་ངེས་གཟུང་བྱས་མི་ཆོག

    (2)གོང་གི་གནས་ཚུལ་ཕུད་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་སྤེལ་བའི་དམངས་དོན་བྱ་སྤྱོད་ཆ་ཚང་ལ་ནུས་པ་མི་ལྡན།

    (3)དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་མིས་སྤེལ་བའི་རང་ཉིད་ཀྱི་ལོ་ཚོད་དང་། རིག་སྟོབས། སེམས་ཁམས་བདེ་ཐང་བཅས་ཀྱི་གནས་ཚུལ་དང་འཚམ་པའི་དམངས་དོན་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན།

    (4)དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱེད་མིས་རང་ཉིད་ཀྱི་བྱ་སྤྱོད་སྤེལ་ནུས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་དམངས་དོན་བྱ་སྤྱོད་སྤེལ་བར་ཁྲིམས་བཀོད་ལས་ཚབ་པས་མོས་མཐུན་བྱས་པའམ་རྗེས་བྱུང་ཁས་ལེན་བྱས་པ་བརྒྱུད་རྗེས་ནུས་པ་ལྡན་པ་ཡིན། བལྟོས་བཅས་མིས་ཁྲིམས་བཀོད་ལས་ཚབ་པར་བརྡ་སྦྱོར་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་ཚུན་དུ་རྗེས་བྱུང་ཁས་ལེན་བྱེད་དགོས་པའི་སྐུལ་བརྡ་བཏང་ཆོག ཁྲིམས་བཀོད་ལས་ཚབ་པས་འདོད་བློ་མ་བསྟན་པ་ཡིན་ན་རྗེས་བྱུང་ཁས་ལེན་ངོ་ཟློག་བྱས་པར་རྩི་དགོས། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་རྗེས་བྱུང་ཁས་ལེན་མ་བྱས་གོང་དུ། སེམས་བཟང་བལྟོས་བཅས་མིར་ཕྱིར་འཐེན་བྱེད་པའི་ཁེ་དབང་ཡོད། ཕྱིར་འཐེན་བྱ་རྒྱུ་དེ་བརྡ་སྦྱོར་གཏོང་བའི་རྣམ་པའི་ཐོག་ནས་སྒྲུབ་དགོས།

    (5)དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱེད་མིས་ལག་བསྟར་བྱས་པའི་ཕྱོགས་གཅིག་པུའི་དམངས་དོན་བྱ་སྤྱོད་ནི། བལྟོས་བཅས་མི་ནང་ཞུགས་བྱས་མེད་ཅིང་བལྟོས་བཅས་མིའི་ཁེ་ཕན་སྲུང་སྐྱོབ་ཀྱི་གནད་དོན་མེད་པས་ནུས་པ་མི་ལྡན་པ་ཡིན།

    ཅི་ཞིག་ལ་ཕྱིར་འཐེན་བྱས་ཆོག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཟེར།

    ཕྱིར་འཐེན་བྱས་ཆོག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཅེས་པ་ནི་བཙུགས་ཟིན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་རྩ་བ་མིན་པའི་ནུས་ལྡན་ཆ་རྐྱེན་འཛོམས་མེད་པའི་རྐྱེན་གྱིས་བཅའ་ཁྲིམས་ཀྱིས་གཏན་ནས་ནུས་པ་མེད་པ་མི་བཟོ་བར་བལྟོས་བཅས་མིར་ཕྱིར་འཐེན་དབང་ཆ་སྤྲད་པའི་དམངས་དོན་བྱ་སྤྱོད་ལ་ཟེར།

    ཕྱིར་འཐེན་བྱེད་ཆོག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་བཙུགས་མ་ཐག་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ་ཐོན་པའི་ཆ་རྐྱེན་འཛོམས་ཡོད་པ་དང་བཅའ་ཁྲིམས་ཀྱི་ནུས་པ་ལྡན་ཡོད། ཡིན་ན་ཡང་དེའི་བཅའ་ཁྲིམས་ནུས་པར་བལྟོས་བཅས་རང་བཞིན་ལྡན་པ་སྟེ་དོ་བདག་གིས་ཕྱིར་འཐེན་བྱས་ཆོག ཁེ་གཏན་སྤྱོད་མིས་ཕྱིར་འཐེན་ཁེ་དབང་ཁྱོན་ནས་མི་སྤྱོད་པ་སྟོན་པའམ་ཕྱིར་འཐེན་བྱེད་དབང་ཕྱིར་འཐེན་བྱེད་པའི་དུས་ཡུན་ལས་གཡོལ་ནས་རྩིས་མེད་དུ་གྱུར་བ་ཡིན་ན། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་གཏན་འཁེལ་ཞིང་ནུས་པ་ལྡན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དུ་གྱུར་ཡོད། ཁེ་དབང་སྤྱོད་མིས་ཁྲིམས་ལྟར་ཕྱིར་འཐེན་བྱེད་དབང་སྤྱོད་པ་དང་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཕྱིར་འཐེན་བྱས་པའི་རྗེས། དེའི་ནུས་པ་དམངས་དོན་བྱ་སྤྱོད་འཛུགས་སྐབས་བར་དུ་བདའ་འདེད་བྱས་ཆོག་པ་སྟེ་ཕྱིར་འཐེན་བྱས་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནུས་པ་མི་ལྡན་པ་ཡིན་ན། འགོ་བཙུགས་པ་ནས་ནུས་པ་མི་ལྡན་པ་ཡིན།

    དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་ལྡན་དགོས་ན་ཆ་རྐྱེན་གང་དག་འཛོམས་དགོས།

    དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་ལྡན་དགོས་ན་གཤམ་གསལ་ཆ་རྐྱེན་དག་འཛོམས་དགོས་ཏེ། གཅིག་ནི་བྱ་སྤྱོད་སྤེལ་མི་ལ་གང་ལ་དེ་འཚམ་གྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་པ། གཉིས་ནི་འདོད་བློ་སྟོན་པ་བདེན་ཐུབ་ཡིན་པ། གསུམ་ནི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་མི་འགལ་བ་དང་། སྤྱི་སྒྲིག་སྲོལ་བཟང་དང་མི་འགལ་བ་བཅས་ཡིན། ཞིབ་ཕྲའི་སྒོ་ནས་བཤད་ན།

    (1)གང་དེ་ལ་འཚམ་གྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་པ་ཞེས་པ་ནི་བྱ་སྤྱོད་སྤེལ་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ནི་ཁོས་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་འཚམ་པོ་ཡོང་དགོས།

    དང་པོ། རང་བྱུང་མིའི་ངོས་ནས་བཤད་ན། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མིས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་དམངས་དོན་ཁེ་དབང་སྤྱོད་རྒྱུ་ཡོད་པ་དང་དམངས་དོན་འོས་འགན་འཁུར་དགོས། དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱེད་མིས་རང་ཉིད་ཀྱི་ལོ་ཚོད་དང་། རིག་སྟོབས། སེམས་ཁམས་བདེ་ཐང་བཅས་ཀྱི་གནས་ཚུལ་དང་འཚམ་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཁོ་ན་སྤེལ་ཆོག དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གཞན་དག་ནི་ཁྲིམས་བཀོད་ལས་ཚབ་པས་མོས་མཐུན་བྱས་པའམ་རྗེས་བྱུང་ཁས་ལེན་བྱས་པ་བརྒྱུད་ནུས་པ་ལྡན་པ་ཡིན། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན། ཡིན་ན་ཡང་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་མིས་སྤེལ་བ་དཔེར་ན་བྱ་དགའ་དང་། སྦྱིན་པ། ཐོབ་ཆ་སོགས་ལེན་པ་ལྟ་བུའི་ཁེ་ཕན་འཐོབ་རྒྱུ་ཁོ་ནར་དམིགས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན།

    གཉིས་པ། ཁྲིམས་མིའི་ངོས་ནས་བཤད་ན་ཁོའི་དམངས་དོན་བྱ་སྤྱོད་ནི་ཁྲིམས་མིའི་ཞིབ་བཤེར་ཆོག་མཆན་ཐོ་འགོད་བྱས་པའི་གཉེར་སྐྱོང་ཁྱབ་ཁོངས་ཀྱིས་གཏན་འཁེལ་བྱས་པ་ཡིན་པས་རང་ཉིད་ཀྱི་གཉེར་སྐྱོང་ཁྱབ་ཁོངས་དང་ལས་གཉེར་ཁྱབ་ཁོངས་ལས་བརྒལ་ནས་སྤེལ་བའི་དམངས་དོན་བྱ་སྤྱོད་ནི་དེ་དང་འཚམ་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་ནུས་པ་མེད་པའི་དམངས་དོན་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པས་བཅའ་ཁྲིམས་ཀྱི་ནུས་པ་མི་ལྡན་པ་ཡིན། འོན་ཀྱང་ཉོ་ཚོང་གི་བདེ་འཇགས་དང་ཁྲོམ་རའི་སྒྲིག་ཁྲིམས་བརྟན་ལྷིང་ཡོང་བའི་ཆེད་དུ། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས〉སྤྱད་འཐུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་འགྲེལ་བཤད(དང་པོའི)》གཏན་འབེབས་ལྟར་ན། དོ་བདག་གིས་གཉེར་སྐྱོང་ཁྱབ་ཁོངས་ལས་བརྒལ་ནས་གན་རྒྱ་བཞག་པ་ཡིན་ན་གན་རྒྱར་ནུས་པ་མི་ལྡན་ཞེས་ངེས་གཟུང་བྱས་མི་ཆོག འོན་ཀྱང་རྒྱལ་ཁབ་ཀྱི་ཚོད་འཛིན་དང་། ཆེད་དམིགས་མོས་མཐུན་བྱུང་བའི་གཉེར་སྐྱོང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཉེར་སྐྱོང་བྱེད་པར་བཀག་སྡོམ་བྱེད་པ་ཕུད་ཅེས་སོ།

    (2)འདོད་བློ་སྟོན་པ་བདེན་ཐུབ་ཡིན་པ་ཞེས་པ་ནི་འདོད་བློ་སྟོན་མིའི་ཕྱིར་མངོན་པའི་འདོད་བློ་དང་ནང་སེམས་ཀྱི་འདོད་བློ་ངོ་མ་ནི་གཅིག་པ་ཡིན་པ་ལ་ཟེར། དེར་ཕྱོགས་གཉིས་ཚུད་ཡོད་དེ། དང་པོ་ནི་འདོད་བློ་རང་མོས་ཡིན་པ་སྟེ། དོ་བདག་གིས་འདོད་བློ་སྟོན་པ་ནི་རང་མོས་ཀྱིས་ཐག་བཅད་པ་ཡིན་པ་དང་མགོ་སྐོར་ཐེབས་པ་བཙན་སྐུལ་ཐེབས་པ་སོགས་འདོད་བློ་སྟོན་པར་ཐེ་ཇུས་དང་བཀག་འགོག་བྱེད་པའི་རྒྱུ་རྐྱེན་མེད་པ། གཉིས་པ་ནི་འདོད་བློ་སྟོན་པ་གཅིག་པ་ཡིན་པ་སྟེ་བྱ་སྤྱོད་སྤེལ་མིས་ནང་སེམས་ཀྱི་འདོད་བློ་ངོ་མ་དང་ཕྱིར་མངོན་གྱི་འདོད་བློ་སྟོན་པ་ནི་གཅིག་པ་ཡིན་པ། གོ་ནོར་ཐེབས་པ་དང་སྟོན་པ་ནོར་བ་སོགས་འདོད་བློ་སྟོན་པ་གཅིག་པ་ཡིན་པར་གནོད་རྐྱེན་བཟོས་པའི་རྒྱུ་རྐྱེན་མེད་པ།

    (3)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་མི་འགལ་བ་ཞེས་པ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཨུ་ལྷན་དང་རྒྱུན་ལས་ཨུ་ལྷན་གྱིས་བཟོས་པའི་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོས་པའི་སྲིད་འཛིན་ཁྲིམས་སྲོལ་དང་མི་འགལ་བ་དང་། དེའི་ནང་དུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་འཛིན་སྒྲིག་སྲོལ་མི་ཚུད་པ་ལ་ཟེར། སྤྱི་སྒྲིག་སྲོལ་བཟང་དང་མི་འགལ་བ་ཞེས་པ་ནི་སྤྱི་པའི་སྒྲིག་ལམ་དང་སེམས་བཟང་གོམས་སྲོལ་དང་མི་འགལ་བར་ཟེར།

    ཕྱིར་འཐེན་བྱས་ཆོག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གང་དང་གང་ཡོད།

    གཤམ་གསལ་གྱི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གྲས་ཤིག་ཡིན་ན་ཕྱིར་འཐེན་བྱས་ཆོག་པ་སྟེ།

    གཅིག གོ་ནོར་ཆེན་པོ་ཐེབས་པའི་ཐོག་ནས་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད། གཉིས། ཕྱོགས་གཅིག་གིས་མགོ་སྐོར་གྱི་ཐབས་ལ་བརྟེན་ནས་ཕ་རོལ་པོ་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་སྤེལ་དུ་བཅུག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད། གཞན་ཡང་། ཕུང་གསུམ་པས་མགོ་སྐོར་གྱི་བྱ་སྤྱོད་སྤེལ་ནས་ཕྱོགས་གཅིག་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་སྤེལ་དུ་བཅུག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ལ། ཕ་རོལ་པོས་མགོ་སྐོར་གྱི་བྱ་སྤྱོད་དེ་ཤེས་པའམ་ཤེས་དགོས་པ། གསུམ། ཕྱོགས་གཅིག་གམ་ཕུང་གསུམ་པས་བཙན་སྐུལ་གྱི་ཐབས་ལ་བརྟེན་ནས་ཕ་རོལ་པོ་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་སྤེལ་དུ་བཅུག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད། བཞི། ཕྱོགས་གཅིག་གིས་ཕ་རོལ་པོ་དཀའ་ཉེན་གྱི་གནས་སུ་གྱར་བ་དང་བརྡར་ཤ་གཅོད་ནུས་མེད་པ་སོགས་ཀྱི་གནས་ཚུལ་བེད་སྤྱོད་བྱས་ནས། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་འགྲུབ་དུས་དྲང་གཞག་ཤོར་དུ་བཅུག་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།