དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • “ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། རེ་ཞིག་བསྒྲུབས་ཀྱང་མཐའ་མར་བརླགས”

    —— ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པས་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་198.5ཟིན་པའི་ཁ་བསླུས་ཚབས་ཆེན་ཞིག་རྩད་ཆོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    2023ལོའི་ཟླ་བཞི་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པས་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་198.5ཟིན་པའི་ཁ་བསླུས་ཚབས་ཆེན་ཞིག་བདེ་བླག་ངང་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་1བཟུང་བ་རེད། ཟླ་བ་བརྒྱད་ཙམ་དཀའ་བ་སྤྱད་པ་བརྒྱུད། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པའི་མི་དམངས་ཉེན་རྟོག་པས་གྱོད་འབྲེལ་བཙོག་དངུལ་ཚང་མ་ཚུར་བླངས་པ་རེད།

    2022ལོའི་ཟླ་3ཚེས་25ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པར་གྲོང་མི་ཐང་ལགས་ཀྱི་ཉེན་བརྡའི་ཁ་པར་འབྱོར་ནས། 2021ལོའི་ཟླ་6པ་ནས་2022ལོའི་ཟླ་2པ་བར་ང་ལ་ལིའུ་ཆེ་གེ་མོ་ཟེར་བའི་སྐྱེས་པ་ཞིག་གིས་མཁའ་འགྲུལ་ཟོག་འདྲེན་ཡན་ལག་ཀུང་སི་ཞིག་འཛུགས་པ་དང་། རིན་གོང་དམའ་བའི་སྣུམ་སྣོན་གཱ་འཚོང་བ། “གང་འདོད་འཕུར་བའི”སྤ་སེ་མངག་ཉོའི་མ་ལག་ཤར་གཏོང་བྱེད་པ་སོགས་རྒྱུ་མཚན་དུ་བྱས་ནས་སྔ་རྗེས་སུ་སྒོར་ཁྲི་60ལྷག་ཙམ་མགོ་སྐོར་བཏང་བྱུང་ཞེས་བཤད།

    ཉེན་བརྡའི་ཁ་པར་འབྱོར་རྗེས། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པའི་མི་དམངས་ཉེན་རྟོག་པས་འཕྲལ་མར་འབྲེལ་ཡོད་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱེད་མཁན་མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱུང་བ་ལྟར་ན། 2021ལོའི་ཟླ་6ནས་2022ལོའི་ཟླ་2བར་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས“གང་འདོད་འཕུར་བའི”ཚོགས་མིའི་གྲས་སུ་འཇུག་རྒྱུ་ཁ་གཡར་སར་བྱས་ནས་ལྗོངས་ཕྱི་ནང་གི་མང་ཚོགས་394ཡི་ས་ནས་སྒོར་ཁྲི་120ལྷག་ཙམ་ཁ་བསླུས་བརྒྱབ་ཡོད་པ་རེད། དེ་རྗེས་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་སླར་ཡང་རིན་གོང་དམའ་བའི་སྣུམ་སྣོན་གཱ་འཚོང་བ་དང་། མཁའ་འགྲུལ་ཟོག་འདྲེན་ཡན་ལག་ཀུང་སི་ཞིག་འཛུགས་རྒྱུ་ཡིན་པ། “གང་འདོད་འཕུར་བའི”སྤ་སེ་མངག་ཉོའི་མ་ལག་ཤར་གཏོང་བྱེད་པ་སོགས་ཁ་གཡར་སར་བྱས་ནས་གྲོང་མི་ཐང་ལགས་ཀྱི་ས་ནས་སྒོར་ཁྲི་60ལྷག་ཙམ་སྔ་རྗེས་སུ་ཁ་བསླུས་བརྒྱབ་ཡོད།

    གྱོད་འབྲེལ་དངུལ་འབོར་མང་བ་མ་ཟད། གྱོད་འབྲེལ་མི་གྲངས་ཀྱང་མང་བར་བརྟེན་གནས་ཚུལ་ཁོང་དུ་ཆུད་རྗེས། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པས་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། འཕྲལ་མར་ཆེད་དོན་གྱོད་གཞིའི་ཚོགས་ཆུང་བཙུགས་ནས་གྱོད་གཞི་དེར་མྱུལ་ཞིབ་བྱས་པ་མ་ཟད། ཀོང་ཀྲོའུ་དང་། ཤིས་ཨན། ཧྲན་དབྱང་སོགས་སུ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྒྲུབ་པར་བསྐྱོད་པ་རེད། 2023ལོའི་ཟླ་4ཚེས་12ཉིན་ཤིན་ཅང་ཉེན་རྟོག་ཕྱོགས་དང་ཀོང་ཏུང་ཉེན་རྟོག་ཕྱོགས་ཀྱི་རམ་འདེགས་ཤུགས་ཆེན་འོག་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་བཟུང་བ་རེད།

    བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་2021ལོར་བརྙན་ཐུང་ལས་སྟེགས་ཤིག་ནས“གང་འདོད་འཕུར”ཞེས་པའི་ཁ་བསླུས་རྒྱག་སྟངས་ཤིག་སྟེས་དབང་གིས་ཤེས་པ་དང་། དེ་ནས་རིམ་བཞིན་ཁ་བསླུས་རྒྱག་སྟངས་དེའི་ནང་དོན་གཞན་དག་སྦྱངས་ཏེ་རྡོ་སྣུམ་ཀུང་སི་ཞིག་གི་སྦྱིན་བདག་ཡིན་ཁུལ་གྱིས་སྣུམ་སྣོན་གཱ་རིན་གོང་དམའ་པོས་བཙོངས། དེ་ནས་སླར་ཡང་མཁའ་འགྲུལ་ཀུང་སི་ཞིག་གི་འགན་འཁུར་བ་ཡིན་ཁུལ་གྱིས་མཁའ་འགྲུལ་ཟོག་འདྲེན་ཡན་ལག་ཀུང་སི་འཛུགས་རྒྱུ་ཡིན་པ་དང“གང་འདོད་འཕུར་བའི”སྤ་སེ་མངག་ཉོའི་མ་ལག་ཤར་གཏོང་ཐུབ་པར་ཁ་གཡར་ནས་སྔ་རྗེས་སུ་གྲོང་མི་ཐང་ལགས་ཀྱི་སྒོར་ཁྲི་60ལྷག་ཙམ་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་ཁས་བླངས་པ་རེད།

    བརྟག་དཔྱད་དང་སྔར་བས་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་2021ལོའི་ཟླ་6ནས་2022ལོའི་ཟླ་2པ་བར་ཁ་བསླུས་རྒྱག་སྟངས་དེ་སྤྱད་ནས་ལྗོངས་ནང་ཁུལ་གྱི་མང་ཚོགས་394ཡི་ས་ནས་སྒོར་ཁྲི་120ལྷག་ཙམ་མགོ་སྐོར་གཡོ་ལེན་བྱས་པའི་ཉེས་གསོག་དོན་དངོས་ངོས་ལེན་གཙང་མ་ཞུས་པ་རེད།

    དེ་རྗེས་མི་དམངས་ཉེན་རྟོག་པས་ཟླ་བ་བརྒྱད་ཙམ་སྤྱད་དེ་ཀོང་ཀྲོའུ་དང་ཤིས་ཨན་སོགས་སུ་བསྐྱོད་དེ་བཙོག་དངུལ་འདེད་པའི་ལས་དོན་སྤེལ་བ་མ་ཟད། ཉེ་དུས་བཙོག་དངུལ་སྒོར་ཁྲི་198.5ཚང་མ་ཚུར་ལེན་ཐུབ་པ་རེད།

    མིག་སྔར་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་སྒྲུབ་པ་དང་འབྲེལ་ཡོད་བཙོག་དངུལ་སློག་པའི་ལས་དོན་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།