ནག་ཆུས་མི་6བཟུང་ནས་ཁ་བསླུས་ཐེབས་པའི་མ་དངུལ་སྒོར་ཁྲི་52.1ཚུར་བླངས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་སྤུན་ཟླའི་སྤྱི་བདེ་ལས་ཁུངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག དཀའ་ངལ་ཁྱད་བསད་ཀྱིས་མྱུལ་ཞིབ་ཐེངས་མང་བྱས་པ་བརྒྱུད་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་5རྩད་ཆོད་པ་མ་ཟད། ཉེས་གསོག་དོགས་ཅན་6བཟུང་བ་དང་ཁ་བསླུས་ཐེབས་པའི་མ་དངུལ་སྒོར་ཁྲི་52.1ཚུར་བླངས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་བསྲུངས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་10ཚེས་9ཉིན་ནས་ཟླ་10ཚེས་16ཉིན་བར། གསེར་རྙེད་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་སྔ་རྗེས་སུ“སྒོར་ཁྲི་བརྒྱ་ཡི་སྨན་བཅོས་འགན་ལེན་དངུལ”ཁ་བསླུས་ཐེབས་པའི་གྱོད་གཞི་4དང་དྲ་ཐོག་ནས་ཁ་བསླུས་ཐེབས་པའི་གྱོད་གཞི་1སྒྲུབ་གཉེར་བྱ་རྒྱུའི་གྱོད་གཞི་འབྱོར་བ་རེད། གྱོད་གཞི་ཐོན་རྗེས་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཉེན་རྟོག་པ་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་པ་མ་ཟད། ནུས་ཤུགས་ཡོད་རྒུས་གྱོད་གཞིར་མྱུལ་ཞིབ་དང་བརྐུས་དངུལ་ཚུར་ལེན་གྱི་ལས་དོན་སྤེལ་བ་རེད། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་མྱུལ་ཞིབ་ཞིབ་ཚགས་དང་། ཁུངས་སྣེར་རྗེས་སྙེག དཔང་རྟགས་བསྡུ་རུབ། གྱོད་འབྲེལ་རྩིས་ཁྲར་ཞིབ་བཤེར་བཅས་བྱས་པ་མ་ཟད། ས་གནས་མང་པོར་བསྐྱོད་དེ་ཉིན་མོར་གྲོང་ཁྱེར་དུ་དཔང་ལེན་བརྟག་དཔྱད་དང་། མཚན་མོར་མགྲོན་ཁང་ནས་དེ་ཉིན་གྱི་ལས་དོན་གནས་ཚུལ་སྤེལ་རེས་བྱས་པ་དང་འབྲེལ་རྗེས་མཐུད་ཀྱི་ལས་དོན་ལ་ཇུས་འགོད་བྱས་པ་རེད། དབྱེ་ཞིབ་དང་བསྡུར་བ་ཡང་ཡང་བཏང་མཐར་དཔྱད་ཡིག་མང་པོའི་ཁྲོད་ནས་ཉེས་གསོག་དོགས་ཅན་གྱི་གནས་ས་ཤེས་རྟོགས་བྱུང་བ་རེད།
མྱུལ་ཞིབ་མི་དམངས་ཉེན་རྟོག་པས“གཏེ་པོ་བཟུང་བ་དང་། ནག་ཚང་སྟོར་བ། མ་དངུལ་བཀག་པ”བཅས་ཀྱི་བླང་བྱ་གཞིར་བཟུང་གོང་རིམ་ལས་སྒོ་སྡེ་ཚན་གྱི་མཛུབ་ཁྲིད་ཞིབ་ཚགས་དང་ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ཡུན་ནན་དང་། ཧོ་ནན། ཀྲེ་ཅང་། ལེའོ་ཉིང་། ཧྲའན་ཤིས་སོགས་ནས་རོན་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་6བཟུང་བ་དང་མ་དངུལ་སྒོར་ཁྲི་52.1ཚུར་བླངས་པ་རེད། 2024ལོའི་ཟླ་1ཚེས་22ཉིན་ཉེས་གསོག་དོགས་ཅན་5གསེར་རྙེད་ཆུས་སུ་ཁྲིད་པ་དང་ཉེས་གསོག་དོགས་ཅན་1ཁྲིམས་བཞིན་ས་གནས་གཞན་དུ་ཁག་ཁྱེར་འདྲི་སྒུག་བྱས་པ་རེད། འདྲི་གཅོད་བྱས་པ་བརྒྱུད་རོན་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་6གིས་ཁ་བསླུས་བརྒྱབ་པའི་ཉེས་གསོག་ཁས་ལེན་བྱས་པ་རེད། མིག་སྔར་གྱོད་གཞི་དེ་སྔར་བཞིན་མྱུར་ཞིབ་བྱེད་སྒང་ཡིན་པ་རེད།