དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས་གངས་བབས་པའི་མཚན་མོར་རྒན་རྒོན་ཞིག་བདེ་འཇགས་ངང་ཁྱིམ་དུ་བསྐྱལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    ཉེ་ཆར། ཟངས་རི་རྫོང་ཟངས་རི་གྲོང་རྡལ་ལོག་གྲོང་ཚོའི་ཡུལ་མི་ཞིག་ཟངས་རི་གྲོང་རྡལ་མངགས་གཏོང་ཁང་དུ་ཡོང་ནས་རྒྱུས་མངའ་མེད་པའི་རྒན་རྒོན་ཞིག་གྲོང་ཚོའི་ནང་ཕར་འགྲོ་ཚུར་འོང་བྱེད་པ་དང་ཁྱིམ་དུ་ལོག་པའི་ལམ་འཚོལ་བཞིན་འདུག་ཅེས་བཤད། ས་རུབ་ཅིང་གངས་ཆེན་པོ་བབས་པར་བརྟེན་ཡུལ་མི་དེས་རྒན་རྒོན་དེ་མི་འཁྱགས་པའི་ཆེད་དུ་ཁྱིམ་དུ་སྐད་བཏང་ཡང་རྒན་རྒོན་དེས་ཁས་བླངས་མེད་པ་རེད།

    གནས་ཚུལ་ཤེས་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་རླངས་འཁོར་བཏང་ནས་ས་གནས་ས་ཐོག་ཏུ་བསྐྱོད་པ་དང་འབྲེལ། གྲོང་གསེབ་ཀྱི་ལམ་ཆུང་དུ་རྒན་རྒོན་བཙལ་བ་བརྒྱུད། མཐར་རྒན་རྒོན་དེ་གྱང་དམའ་པོ་ཞིག་ལ་བསྙེས་ནས་ལུས་འཁུམས་ཏེ་བསྡད་ཡོད་པ་དང་ལུས་སྟེང་དུ་གངས་སྲབ་མོ་བབས་ཡོད་པར་ཤེས། ལུས་པོ་འདར་འཁྲུག་འཁྲུག་བྱེད་བཞིན་པའི་རྒན་རྒོན་ལ་ལྟ་བཞིན་མི་དམངས་ཉེན་རྟོག་པས་འཕྲལ་མར་ཁོང་བསྐྱོར་ནས་ཉེན་རྟོག་པའི་རླངས་འཁོར་ནང་དུ་བཅུག་པ་དང་ཆབས་ཅིག་རྒན་རྒོན་ལ་ཆུ་འཁོལ་སྟེར་བ་རེད།

    མི་དམངས་ཉེན་རྟོག་པས་རྒན་རྒོན་ལ་ཁྱིམ་གྱི་གནས་ཡུལ་དང་ནང་མིར་འབྲེལ་གཏུག་བྱེད་སྟངས་སྐད་ཆ་དྲིས་ཀྱང་རྒན་རྒོན་ལ་གསལ་པོ་ཤོད་རྒྱུ་མེད། རྒན་རྒོན་གང་མགྱོགས་ཁྱིམ་དུ་ལོག་ཐུབ་ཆེད། ལོག་གྲོང་ཚོ་ཨུ་ལྷན་ཚན་ཁག་གི་ཁོངས་མིའི་རོགས་རམ་འོག མི་དམངས་ཉེན་རྟོག་པས་གང་སར་འབྲེལ་བ་བྱས་མཐར། རྒན་རྒོན་དེའི་ཁྱིམ་ཟངས་རི་གྲོང་རྡལ་སྦིད་པ་གྲོང་ཚོ་ནས་ཡིན་པ་ཤེས་རྟོགས་བྱུང་ཞིང། མི་དམངས་ཉེན་རྟོག་པས་འཕྲལ་མར་རྒན་རྒོན་གྱི་ནང་མིར་འབྲེལ་བ་བྱས་ནས་ཁོང་བདེ་འཇགས་ངང་ཁྱིམ་དུ་བསྐྱལ་བ་རེད།

    “ང་ཚོས་ཁྱིམ་གྱི་ཉེ་འགྲམ་དུ་ཡུན་རིང་བཙལ་ཡང་རྙེད་མ་བྱུང་། ང་ཚོ་དངོས་ནས་སེམས་ཁྲལ་ཆེན་པོ་བྱུང་། སྟབས་ལེགས་པ་ཞིག་ལ་བློ་མཐུན་ཉེན་རྟོག་པས་རྒན་རྒོན་ཁྱིམ་དུ་བསྐྱལ་བྱུང་བས། ཁྱེད་ཚོ་ནི་དངོས་གནས་ང་ཚོ་མི་སེར་སྲུང་མཁན་རང་རེད”ཅེས་རྒན་རྒོན་གྱི་ནང་མིས་མི་དམངས་ཉེན་རྟོག་པའི་ལག་ཟུང་དམ་པོར་འཇུས་ནས་དེ་ལྟར་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།