དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བོད་ཀྱི་ཉེན་རྟོག་ཕྱོགས་ཀྱིས་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་བཅོས་སྒྲིག་གི་དཔེ་མཚོན་གྱོད་དཔེ་ཁག་5ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    ཉེ་ཆར། བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་དྲ་རྒྱར་རྐང་བཙུགས་ནས་དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཁག་གཅིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ། དྲ་རྒྱའི་ཁོར་ཡུག་གཙང་མ་ནུས་ཤུགས་ཡོད་རྒུས་གཏོད་ཆེད་དཔེ་མཚོན་གྱོད་དཔེ་ཁག་5ཁྱབ་བསྒྲགས་བྱེད་རྒྱུ་གཤམ་གསལ་སྟེ།

    ཞའོ་ཆེ་གེ་མོས“དམག་དོན་བྱ་སྤྱོད”ཟེར་བའི་དྲ་རྒྱའི་དཀྲོག་གཏམ་བཟོས་པའི་གྱོད་གཞི།

    2023ལོའི་ཟླ་11ཚེས་3ཉིན། མངའ་རིས་ས་ཁུལ་གྱི་དྲ་དམངས་ཞའོ་ཆེ་གེ་མོས་མི་གཞན་གྱི་ཡིད་དབང་འགུག་ཆེད་བརྙན་ལམ་ལས་སྟེགས་སུ“དམག་འཐབ་གནམ་གྲུ་མང་པོ་ཞིག་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་མཁའ་ཐོག་ནས་འཕུར་བའི”བརྙན་ལམ་ཞིག་སྤེལ་བ་དང་འབྲེལ“རྒྱ་གར་དང་དམག་རྒྱག་པ་རེད”ཅེས་པའི་ཆ་འཕྲིན་རྫུས་མ་བཟོས་པར་དྲ་དམངས་མང་པོ་ཞིག་གིས་དོ་ཁུར་དང་གྲོས་བསྡུར་བྱས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་རེད།

    མངའ་རིས་ས་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་ཞའོ་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པ་རེད།

    ལི་ཆེ་གེ་མོས“བུད་མེད་དེ་སྨད་འཚོང་མ་རེད”ཟེར་བའི་དྲ་རྒྱའི་དཀྲོག་གཏམ་བཟོས་པའི་གྱོད་གཞི།

    2023ལོའི་ཟླ་11པར། ཉིང་ཁྲི་གྲོང་ཁྱེར་གྱི་དྲ་དམངས་ལི་ཆེ་གེ་མོས་དགའ་རོགས་དང་ཁ་བྲལ་རྗེས་ཡི་མ་རངས་པར་བརྙན་ལམ་ལས་སྟེགས་སུ་ཁོ་པའི་དགའ་རོགས་རྙིང་པའི་པར་བཏང་སྟེ“བུད་མེད་དེ་སྨད་འཚོང་མ་རེད”ཅེས་པའི་དཀྲོག་གཏམ་བཟོས། བུད་མེད་དེས་ཉེན་རྟོག་པར་སྙན་སེང་ཞུས་འཕྲལ་ཉིང་ཁྲི་གྲོང་ཁྱེར་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་བརྟག་དཔྱད་དཔང་ལེན་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱས་ནས་ཤེས་རྟགས་བྱུང་གསལ། ལི་ཆེ་གེ་མོས་རང་གི་ཁོང་ཁྲོ་སེལ་ཆེད་རྐང་བཙུགས་ནས་དཀྲོག་གཏམ་བཟོས་ཏེ་མི་གཞན་ལ་མཚན་ཤས་བཟོས་པ་རེད། རྗེས་སུ་ལི་ཆེ་གེ་མོས་རང་གི་ཁྲིམས་འགལ་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ལི་ཆེ་གེ་མོར་སྲིད་འཛིན་དངུལ་ཆད་བཅད་པ་རེད།

    ཐང་ཆེ་གེ་མོས“བོད་ལྗོངས་མངའ་རིས་ཀྱི་ཁྲག་སྦྱིན་དོན་རྐྱེན”

    ཟེར་བའི་དྲ་རྒྱའི་དཀྲོག་གཏམ་བཟོས་པའི་གྱོད་གཞི།

    2023ལོའི་ཟླ་12ཚེས་6ཉིན། ཀོང་ཏུང་ཞིང་ཆེན་གྱི་དྲ་དམངས་ཐང་ཆེ་གེ་མོས་དྲ་ཐོག་ཏུ“མངའ་རིས་ས་ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པའི‘6•10’ཁྲག་རྫུན་མའི་དོན་རྐྱེན་གྱི་བརྟག་དཔྱད་བྱས་འབྲས་ཡོངས་བསྒྲགས་བྱས་ནས། གྱོད་གཞི་དང་འབྲེལ་བ་ཡོད་མཁན་བུད་མེད་ལས་བྱེད་པ་ཞིག་དམར་འདོན་བྱས་ཤིང་། བུད་མེད་དེ་ནི་མངའ་རིས་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱི་རུས་མིང་ལི་ཡིན་པའི་ལས་བྱེད་པ་ཞིག་རེད་འདུག”ཟེར་བའི་ཆ་འཕྲིན་ཞིག་སྤེལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། མངའ་རིས་ས་ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པས་ཟླ6ཚེས10ཉིན་ཁྲག་སྦྱིན་འབུལ་བྱེད་སྒོ་སྒྲིག་འཛུགས་བྱས་མེད་པ་དང་། འཕྲོད་བསྟེན་སྡེ་ཚན་དེ་གར་ཡང“ལས་བྱེད་པ་ལི་ཆེ་གེ་མོ་ཟེར་བ་ཞིག་གཏན་ནས་མེད” དཀྲོག་གཏམ་བཟོ་མཁན་ཐང་ཆེ་གེ་མོས་མི་གཞན་གྱི་ཡིད་དབང་བཀུགས་ནས་གླེང་གཞི་ཆེ་རུ་གཏོང་ཆེད། རྐང་བཙུགས་ནས་ཆ་འཕྲིན་རྫུས་མ་བཟོས་ཏེ་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པ་རེད།

    བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ཀོང་ཏུང་ཞིང་ཆེན་སྤྱི་བདེ་ལས་ཁུངས་དང་མཉམ་དུ་ཐང་ཆེ་གེ་མོར་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པ་རེད།

    ཧོང་ཆེ་གེ་མོས“ལྷ་སའི་དུས་གཏན་གནམ་གྲུ་ཞིག་ལ་རྐྱེན་ངན་འཕྲད་འདུག”ཟེར་བའི་དྲ་རྒྱའི་དཀྲོག་གཏམ་བཟོས་པའི་གྱོད་གཞི།

    2023ལོའི་ཟླ་12ཚེས་23ཉིན། ལྷ་ས་གྲོང་ཁྱེར་གྱི་དྲ་དམངས་ཧོང་ཆེ་གེ་མོས་དྲ་རྒྱའི་ལས་སྟེགས་སུ“ལྷ་ས་ནས་ཁྲེང་ཏུར་འཕུར་བའི་དུས་གཏན་གནམ་གྲུ་ཞིག་ལ་རྐྱེན་ངན་འཕྲད་འདུག”ཟེར་བའི་ཆ་འཕྲིན་ཞིག་སྤེལ་བ་རེད། དམངས་སྤྱོད་མཁའ་འགྲུལ་སྤྱི་བདེ་སྡེ་ཚན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་ཆ་འཕྲིན་དེ་དཀྲོག་གཏམ་ཡིན་པ་དང་། བརྟག་དཔྱད་བྱས་པ་བརྒྱུད་དྲ་དམངས་དེས་མི་གཞན་གྱི་ཡིད་དབང་འགུག་ཆེད་རྐང་བཙུགས་ནས་དཀྲོག་གཏམ་བཟོས་ཏེ་དྲ་རྒྱའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བ་ཞིག་རེད།

    བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་སྤྱི་བདེ་ལས་ཁུངས་ཀྱིས་ཧོང་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པ་རེད།

    ཀྲང་ཆེ་གེ་མོས“ལྷ་སའི་ཁུལ་ཆུང་ཞིག་ཏུ་རང་བྱུང་སོལ་རླངས་ཤོར་འདུག”ཟེར་བའི་དྲ་རྒྱའི་དཀྲོག་གཏམ་བཟོས་པའི་གྱོད་གཞི།

    2024ལོའི་ཟླ་1ཚེས་10ཉིན། ལྷ་ས་གྲོང་ཁྱེར་གྱི་དྲ་དམངས་ཀྲང་ཆེ་གེ་མོས་དྲ་རྒྱའི་ལས་སྟེགས་སུ“ཟླ་1ཚེས་8ཉིན་ཏེ།རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་འཚོག་རིང་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་ཁུལ་ཆུང་ཞིག་ཏུ་རང་བྱུང་སོལ་རླངས་ཤོར་ནས་འབར་གས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་འདུག”ཟེར་བའི་དཀྲོག་གཏམ་བཟོས་པའི་ཆ་འཕྲིན་ཞིག་སྤེལ་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཀྲང་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་དངུལ་ཆད་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།