ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་གཡག་རྐུ་མཁན་གཉིས་བཟུང་བ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་གཡག་རྐུ་གསོད་ཀྱི་གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་2བཟུང་སྟེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཡོད།
2023ལོའི་ཟླ་12ཚེས་1ཉིན། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་སྨན་མདའ་ཤང་མངགས་གཏོང་ཁང་ལ་གྱོད་དོན་སྙན་སེང་འབྱོར་པ་སྟེ། ཁོངས་གཏོགས་ཁུལ་གྱི་གླིང་མདའ་གྲོང་ཚོའི་ས་ཆ་ཞིག་ཏུ་གཡག་གཉིས་བརྐུས་ནས་བསད་འདུག་པས་བརྟག་དཔྱད་གནང་རོགས། སྙན་སེང་འབྱོར་རྗེས་མྱུལ་ཞིབ་མི་སྣས་འཕྲལ་དུ་གྱོད་གཞི་ཐོན་སར་བསྐྱོད་ནས་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་། བཅར་འདྲི། དབྱེ་ཞིབ་བཅས་བྱས་པ་རེད། གྱོད་གཞི་ཐོན་ཡུལ་དེ་ཐག་རིང་ལུང་ཁུག་ཏུ་ཡིན་པས་གྱོད་གཞི་རྩད་ཆོད་པའི་ཁུངས་སྣེ་ཉུང་བ་དང་མྱུལ་ཞིབ་བྱེད་དཀའ་བར་གྱུར། དཀའ་ངལ་འཕྲད་ཀྱང་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཐོག་མཐའ་བར་གསུམ་དུ་ཡིད་ཐང་མི་ཆད་པར། གྱོད་གཞི་ཐོན་ཡུལ་དུ་བརྟག་དཔྱད་ཐེངས་མང་བྱས་མཐར་སྐར་ཆེ་གེ་མོ་དང་རྒྱལ་ཆེ་གེ་མོ་གཉིས་ལ་ཉེས་པ་བསགས་པའི་དོགས་པ་བྱུང་བ་མ་ཟད། ཉེས་གསོག་དོགས་ཅན་འཕྲལ་མར་བཟུང་བ་རེད། གྱོད་དོན་མི་སྣས་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་སྐར་ཆེ་གེ་མོ་དང་རྒྱལ་ཆེ་གེ་མོས་འབྲི་གཡག་རྐུ་གསོད་བྱས་པའི་ནག་ཉེས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
མིག་སྔར་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བརྐུས་ནས་བསད་པའི་གཡག་གི་སྨད་སྡེབ་6འདེད་ལེན་བྱས་པ་དང་ཉེས་གསོག་དོགས་ཅན་གཉིས་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་དེ་གྱོད་གཞི་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།