དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ཀྱི་ས་འོག་ཆུའི་ཐོན་ཁུངས་སྲུང་སྐྱོང་གི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཐོག་མའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་དུས་བྲག་གཡབ་རྫོང་མི་དམངས་ཁྲིམས་ཁང་གིས་བྲག་གཡབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བརྒྱབ་པའི་རང་ལྗོངས་ཀྱི་ས་འོག་ཆུའི་ཐོན་ཁུངས་སྲུང་སྐྱོང་གི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཐོག་མའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་ནས། བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་གྱི་ས་འོག་ཆུའི་ཐོན་ཁུངས་ཁྲིམས་འགལ་ངང་སྔོག་འདོན་དང་སྤྱད་པའི་བྱེད་སྤྱོད་ནི་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་ལྟ་འདོམས་འགན་འཁྲི་ཕྱོགས་ཡོངས་ནས་འཁུར་མེད་པའི་ཁྲིམས་འགལ་བྱེད་སྤྱོད་ཅིག་ཡིན་པ་གཏན་འཁེལ་བྱས་པ་དང་། གྱོད་གཞི་དེ་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་ལེགས་སྒྲུབ་བྱུང་བའི་སྲིད་འཛིན་སྤྱི་ཕན་གྱི་གཏུག་བཤེར་གྱོད་གཞི་གཉིས་པ་དེ་རེད།

    2023ལོའི་ཟླ་5པའི་ཟླ་འགོར། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་གྱི་ཆུ་ཚན་གསོལ་མགྲོན་ཁང་གི་བཙོག་ཆུ་ཐད་ཀར་འབུད་པའི་གྱོད་གཞི་གཉེར་སྐབས། ཆུ་ཚན་གསོལ་མགྲོན་ཁང་གིས་སྤྱད་པའི་ཆུ་ཚན་གྱི་ཆུ་དེ་ས་འོག་གི་ཆུ་ཚ་པོ་ཡིན་པ་དང་གསོལ་མགྲོན་ཁང་དེས་ཆུ་ཚན་ལུས་འཁྲུའི་ལས་སྒོ་ཕྱི་ཕྱོཌ་སུ་ཡུན་རིང་གཉེར་སྐྱོང་བྱས་རུང་། སྲིད་འཛིན་ཆོག་འཁྲོལ་གྱི་འགྲོ་ལུགས་གཉེར་མེད་པ་མ་ཟད། ད་དུང་ས་འོག་ཆུའི་ཐོན་ཁུངས་ཀྱི་འབྲེལ་ཡོད་ཁྲལ་གྲོན་ཡང་འཇལ་མེད་པས་གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་ཕོག་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོས་ཡོད།

    2023ལོའི་ཟླ་5ཚེས་27ཉིན་ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྲིད་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་དཔྱོད་གྲོས་འགོ་བཏོན་ནས། ཆུ་སྤྱོད་མཁན་ཁེ་ལས་ཀྱིས་དཀྱིལ་ཐང་གྲོང་རྡལ་གྱི་ས་འོག་ཆུའི་ཐོན་ཁུངས་ཁྲིམས་འགལ་ངང་སྔོག་འདོན་དང་སྤྱོད་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ལྟ་འདོམས་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། བྲག་གཡབ་རྫོང་ཁོངས་གཏོགས་ཁུལ་གྱི་ས་འོག་ཆུའི་ཐོན་ཁུངས་ཁྲིམས་དང་སྒྲིག་སྲོལ་ལྟར་སྤྱོད་པའི་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་པ་དང་། མཉམ་སྒུལ་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་ཁེ་ལས་ལ་ཁྲིམས་ལྟར་ས་འོག་ཆུའི་ཐོན་ཁུངས་ཀྱི་འབྲེལ་ཡོད་ཁྲལ་གྲོན་འཇལ་བའི་ལྟ་སྐུལ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

    ཞིབ་དཔྱོད་གྲོས་འགོ་བཏོན་རྗེས། བྲག་གཡབ་རྫོང་ཁྲལ་དོན་སྡེ་ཚན་གྱིས་ས་འོག་ཆུའི་ཐོན་ཁུངས་ཀྱི་ཁྲལ་དང་དེ་བཞིན་འགྱངས་ཆད་དངུལ་དུས་ཐོག་ཏུ་བསྡུས་པ་དང་། ཞིབ་དཔྱོད་གྲོས་འགོའི་བླང་བྱ་གཞིར་བཟུང་དག་ཐེར་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། བྲག་གཡབ་རྫོང་ཆུ་བེད་དང་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་བ་ཙམ་ལས། 《ཆུའི་བཅའ་ཁྲིམས》དང《གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས》

    སོགས་ཀྱི་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ཀྱི་སྲིད་འཛིན་ཆད་པ་དང་སྲིད་འཛིན་བྱེད་ཐབས་ནུས་ལྡན་སྤྱད་མེད་པས། འགན་འཁྲི་ཡག་པོ་བསྒྲུབ་མེད་པའི་གནས་ཚུལ་སྔར་བཞིན་གནས་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་ཕོག་པའི་སྣང་ཚུལ་ཡང་གནས་ཡོད། 2023ལོའི་ཟླ་8ཚེས་26ཉིན་ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་དེ་བྲག་གཡབ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་གཏུག་རྒྱག་པར་བསྐྱལ་བ་རེད། ཟླ་9ཚེས་25ཉིན་བྲག་གཡབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་བྲག་གཡབ་རྫོང་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་སྤྱི་ཕན་གཏུག་བཤེར་བྱས་ནས། དཀྱིལ་ཐང་གྲོང་རྡལ་གྱི་ས་འོག་ཆུའི་ཐོན་ཁུངས་ཁྲིམས་འགལ་ངང་སྔོག་འདོན་དང་སྤྱད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་སྲིད་འཛིན་ལས་ཁུངས་ཀྱིས་ལྟ་འདོམས་འགན་འཁྲི་ཕྱོགས་ཡོངས་ནས་འཁུར་མེད་པ་ནི་ཁྲིམས་འགལ་བྱེད་སྤྱོད་ཡིན་པ་གཏན་འཁེལ་བྱས་པ་དང་། སྲིད་འཛིན་ལས་ཁུངས་ལ་ཁྲིམས་གཏན་འགན་འཁྲི་མུ་མཐུད་ཡག་པོ་བསྒྲུབས་ནས། ལག་ཁྱེར་མེད་པར་སྔོག་འདོན་དང་ས་འོག་ཆུའི་ཐོན་ཁུངས་སྤྱད་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་རེ་ཞུ་ཕུལ་ཡོད།

    གཏུག་བཤེར་བྱས་རྗེས་སྲིད་འཛིན་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་དང་མུ་མཐུད་ཁྲིམས་ལྟར་འགན་འཁྲི་ཡག་པོ་བསྒྲུབས་ནས། མཉམ་འབྲེལ་ཁྲིམས་སྒྱུར་གྱིས་ཆུ་ཚན་དང་དེ་བཞིན་འབྲེལ་ཡོད་སྒྲིག་ཆས་ལ་སྒོ་ཐེལ་བརྒྱབ་པ་དང་། ཁེ་ལས་གཉིས་ཀྱིས་ལག་ཁྱེར་མེད་པར་སྔོག་འདོན་དང་ས་འོག་ཆུའི་ཐོན་ཁུངས་སྤྱད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་དངུལ་ཆད་བཅད་པ་མ་ཟད། ཆུ་སྤྱོད་མཁན་ཁེ་ལས་ལ་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་འཇལ་དགོས་པའི་ལྟ་སྐུལ་བྱས་པ་དང་། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་བཏང་བས། དཀྱིལ་ཐང་གྲོང་རྡལ་གྱི་ས་འོག་ཆུའི་ཐོན་ཁུངས་སྲུང་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོན་ཡོད།

    2023ལོའི་ཟླ་12ཚེས་18ཉིན་བྲག་གཡབ་རྫོང་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དེ་ཁྲིམས་ལྟར་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་པ་རེད། ཁང་དེའི་ཡོན་ཀྲང་གིས་འདྲི་གཅོད་དཔོན་བྱས་ནས་ཁྲིམས་ར་འཚོགས་པ་དང་། བྲག་གཡབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གིས་སྤྱི་ཕན་གཏུག་བཤེར་གྱི་ཞུ་གཏུག་རྒྱག་མཁན་བྱས་ནས་ཞུ་གཏུག་བརྒྱབ་པ། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་དང་དེ་བཞིན་གཏུག་བཤེར་ལས་ཚབ་ཁྲིམས་རྩོད་པས་ཁྲིམས་རར་དོན་ནས་ཞུ་གཏུག་བརྒྱབ་པ་རེད། ཞུ་སྦྱོར་ཕྱི་མས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ་མ་ཟད། ཞིབ་དཔྱོད་ལས་ཁུངས་ཀྱི་གཏུག་བཤེར་རེ་ཞུ་གཉིས་པའི་དམིཌ་ཡུལ་སྤྱིར་ན་མངོན་འགྱུར་བྱུང་བར་གཞིགས་ནས། བྲག་གཡབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་རར་གཏུག་བཤེར་རེ་བ་ཞུས་པ་དེ“གཏན་འཁེལ་བའི་ཁྲིམས་འགལ་བྱེད་སྤྱོད”དུ་བསྒྱུར་བ་རེད། ཟླ་12ཚེས་26ཉིན་བྲག་གཡབ་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་རིམ་དང་པོའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་ནས། བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་གྱི་ས་འོག་ཆུའི་ཐོན་ཁུངས་ཁྲིམས་འགལ་ངང་སྔོག་འདོན་དང་སྤྱད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞུ་སྦྱོར་ཕྱི་མས་ལྟ་འདོམས་འགན་འཁྲི་ཕྱོཌ་ཡོངས་ནས་བསྒྲུབས་མེད་པའི་བྱེད་སྤྱོད་ནི་ཁྲིམས་འགལ་ཡིན་པའི་གཏན་འཁེལ་བྱས་པ་དང་། དཔྱད་ཁྲ་ཁྱབ་བསྒྲགས་བྱས་རྗེས་སྲིད་འཛིན་ལས་ཁུངས་ཀྱིས་གོང་གཏུག་བྱས་མེད་པ་དང་མིག་སྔར་དཔྱད་ཁྲར་ནུས་པ་ཐོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།