དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
དམངས་དོན་བྱེད་པོའི་དབར་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བར་རྣམ་པ་གང་དག་སྤྱད་ཆོག
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་སོ་ལྔ་པའི་ནང་གི་གཏན་འབེབས་ལྟར་ན། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཡིག་ཐོག་གམ་ངག་ཐོག་གི་རྣམ་པའམ་རྣམ་པ་གཞན་དག་སྤྱད་ཆོག དམིགས་བསལ་གྱི་རྣམ་པ་སྤྱོད་རྒྱུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་ཡོད་པའམ་དོ་བདག་བར་དུ་གྲོས་དན་བཞག་ཡོད་ན། དམིགས་བསལ་གྱི་རྣམ་པ་སྤྱོད་དགོས།
ཡིག་ཐོག་གི་རྣམ་པ་ཞེས་པ་ནི་དམངས་དོན་བྱེད་པོས་རང་ཉིད་ཀྱི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བའི་ནང་དོན་ཡིག་ཐོག་ནས་མཚོན་པའི་རྣམ་པ་ཞིག་ལ་ཟེར་ཞིང་། གཙོ་བོ་གན་རྒྱ་དང་། འཕྲིན་ཡིག གཞི་གྲངས་གློག་ཡིག(སྟར་ཡིག་གློག་སྐྱེལ། བརྙན་སྐྱེལ། གློག་རྡུལ་གཞི་གྲངས་བརྗེ་རེས་དང་ཡིག་སྒམ)སོགས་འཁོད་པའི་ནང་དོན་རྣམས་དངོས་སུ་མཚོན་པའི་རྣམ་པ་ཞིག་ལ་ཟེར། དེའི་དགེ་མཚན་ནི་གཞི་འཇོག་ས་ཡོད་པས་གྱོད་གཞི་བྱུང་བ་ཡིན་ན་དཔང་རྟགས་བྱས་ནས་འགན་འཁྲི་གཙང་འབྱེད་བྱེད་སླ།
ངག་ཐོག་གི་རྣམ་པ་ཞེས་པ་ནི་དམངས་དོན་བྱེད་པོས་ངག་ཐོག་ནས་འདོད་བློ་སྟོན་པ་ལས་ཡིག་ཐོག་ནས་གྲོས་ཆོད་ནང་དོན་མི་སྟོན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཟེར། དེར་སྟབས་བདེ་ཞིང་སྒྲུབ་སླ་བའི་དགེ་མཚན་ལྡན་པས་རྒྱུན་ལྡན་འཚོ་བའི་ནང་དུ་ཡོངས་ཁྱབ་ངང་བེད་སྤྱོད་གཏོང་བཞིན་ཡོད།
རྣམ་པ་གཞན་དག་ཅེས་པ་ནི་ཡིག་ཐོག་གི་རྣམ་པ་དང་ངག་ཐོག་གི་རྣམ་པ་ཕུད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བའི་རྣམ་པ་གཞག་དག་ལ་ཟེར་ཞིང་། གཙོ་བོ་གཤམ་གསལ་ཏེ།
(1)བལྟ་བྱ་ཉན་བྱའི་དཔྱད་གཞིའི་རྣམ་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་བཅའ་ཁྲིམས་ཀྱི་སྤྱི་སྲོལ>ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་གནད་དོན་འགའ་ཞིག་གི་བསམ་འཆར》(ཚོད་ལྟའི་འཆར་ཟིན)གྱི་དོན་ཚན་རེ་ལྔ་པའི་ནང་དུ་གཏན་འཁེལ་བྱས་དོན། དམངས་དོན་བྱེད་པོས་སྒྲ་ཕབ་དང་བརྙན་ཕབ་སོགས་བལྟ་བྱ་དང་ཉན་བྱའི་དཔྱད་གཞིའི་རྣམ་པའི་ཐོག་ནས་དམངས་དོན་བྱ་སྤྱོད་སྤེལ་བར་གཉིས་ཡན་གྱི་ཁེ་གྱོང་འབྲེལ་བ་མེད་པའི་མིས་དཔང་མི་བྱེད་པའམ་དཔང་རྟགས་གཞན་དག་གིས་དམངས་དོན་བྱ་སྤྱོད་དེ《དམངས་དོན་སྤྱི་སྲོལ》གྱི་དོན་ཚན་ང་ལྔ་པའི་གཏན་འབེབས་དང་མཐུན་པ་ཡིན་པ་བདེན་དཔང་བྱེད་ཐུབ་ན་ནུས་པ་ཡོད་པར་ངོས་འཛིན་བྱེད་དགོས།
(2)ཟུར་བརྡའི་རྣམ་པ། ཟུར་བརྡའི་རྣམ་པ་ཞེས་པ་ནི་དོ་བདག་གིས་ངག་ཐོག་གམ་ཡིག་ཐོག་གི་རྣམ་པའི་ཐོག་ནས་འདོད་བློ་མི་སྟོན་པར་བྱ་སྤྱོད་ག་གེ་མོ་ཞིག་གི་ཐོག་ནས་འདོད་བློ་སྟོན་པར་ཟེར། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་བཞི་བཅུ་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། ཁ་རོག་སྡོད་པ་དེ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་དང་དོ་བདག་བར་གྲོས་དན་བཞག་པའམ་དོ་བདག་བར་གྱི་ཉོ་འཚོང་གོམས་སྲོལ་དང་མཐུན་པའི་དུས་སུ་གཞི་ནས་འདོད་བློ་སྟོན་པར་བརྩིས་ཆོག ཟུར་བརྡའི་རྣམ་པའི་ཁྱབ་རྒྱ་ཅུང་ཆེ་ཙམ་ཡོད་དེ་དཔེར་ན། ཁང་པ་བོགས་མར་གཏོང་བའི་གན་རྒྱ་དུས་ཡུན་ལོངས་པའི་རྗེས་བོགས་མ་ལེན་མཁན་གྱིས་མུ་མཐུད་བོགས་མ་གཏོང་མཁན་གྱི་བོགས་དངུལ་བླངས་པ་ལྟ་བུ་ཡིན་ཞིང་། བྱ་སྤྱོད་དམིགས་འཛུགས་འདི་ལས་དོ་བདག་གིས་ཁང་པ་བོགས་མ་གཏོང་བའི་གན་རྒྱ་འགྱངས་པའི་འདོད་བློ་དེ་རིགས་འདེད་ཆོག
གཞན་ཡང་། དམིགས་བསལ་གྱི་རྣམ་པ་སྤྱོད་རྒྱུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་ཡོད་པའམ་དོ་བདག་བར་དུ་གྲོས་དན་བཞག་ཡོད་ན། དམིགས་བསལ་གྱི་རྣམ་པ་སྤྱོད་དགོས། དཔེར་ན། གན་རྒྱ་ལ་གཞུང་དཔང་དང་། ར་སྤྲོད། ཞིབ་བཤེར་ཆོག་མཆན་སོགས་ལས་རིམ་སྒྲུབ་དགོས་པ་བཅའ་ཁྲིམས་སུ་གཏན་འབེབས་བྱས་ཡོད་པའམ་དོ་བདག་བར་གྲོས་དན་བཞག་ཡོད་པ་ཡིན་ན་གན་རྒྱ་དེ་ངེས་པར་ཡིག་ཐོག་གི་རྣམ་པ་སྤྱོད་དགོས།
དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ་ག་དུས་ནས་ཐོན་པ་ཡིན། དེའི་ནུས་པ་ཕྱོགས་གང་ནས་མཚོན་ཡོད།
དམངས་དོན་བཅའ་ཁྲིམས་བྱ་སྤྱོད་བཙུགས་མ་ཐག་ནས་ནུས་པ་ཐོན་པ་ཡིན། ཡིན་ནའང་བཅའ་ཁྲིམས་སུ་ལོགས་སུ་བཀར་ནས་གཏན་འབེབས་བྱས་ཡོད་པའམ་དམངས་དོན་བྱེད་པོས་ལོགས་སུ་བཀར་ནས་གྲོས་དན་བཞག་ཡོད་པ་རྣམས་ཕུད། དཔེར་ན། ནུས་པ་ཐོན་པའི་ཆ་རྐྱེན་ཟུར་སྣོན་བྱས་པའམ་ནུས་པ་ཐོན་པའི་དུས་བཀག་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། ཆ་རྐྱེན་གྲུབ་པའི་དུས་སམ་དུས་བཀག་དུས་ལ་བབས་པ་ནས་ནུས་པ་ཐོན་པ་ཡིན། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ་གཤམ་གསལ་ཕྱོགས་གསུམ་ནས་མཚོན་ཡོད་དེ།
(1)ནང་ཁུལ་གྱི་ནུས་པ་སྟེ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེས་དམངས་དོན་བྱེད་པོའི་བར་དུ་དམིགས་འཛུགས་ཀྱི་བཅའ་ཁྲིམས་མཇུག་འབྲས་ཐོན་པ། དམངས་དོན་བྱེད་པོས་བཙུགས་ཟིན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལྟར་ཁེ་དབང་སྤྱོད་ཅིང་འོས་འགན་འཁུར་དགོས་པ་དང་འདིར་ཡོད་པའི་ཁེ་དབང་དང་འོས་འགན་ཡང་དམངས་དོན་བྱེད་པོས་སྔོན་དཔག་བྱས་པ་ལྟར་ཡིན་པའི་ངེས་པ་མེད། དམངས་དོན་བྱེད་པོའི་གྲོས་དན་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཚེ། སྔོན་དཔག་བྱས་པའི་ཁེ་དབང་དང་འོས་འགན་འབྲེལ་བ་ཐོན་མི་ཐུབ་པར་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁེ་དབང་སྤྱོད་པ་དང་འོས་འགན་འཁུར་དགོས།
(2)ཕྱི་རོལ་གྱི་ནུས་པ་སྟེ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱིས་དམངས་དོན་བྱེད་པོ་ཕུད་པའི་ཕུང་གསུམ་པར་བཅའ་ཁྲིམས་མཇུག་འབྲས་ངེས་ཅན་ཐོན་པ། དམངས་དོན་བཅའ་ཁྲིམས་ཀྱིས་འདོད་བློ་རང་སྐྱོང་ལག་བསྟར་བྱེད་པ་ཡིན་པས་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད་པའམ་ཁྲིམས་མཐུན་གྱིས་དབང་བཅོལ་བྱེད་པ་ཕུད། གན་རྒྱའི་ནང་མི་ཚུད་པའི་ཕུང་གསུམ་པས་དམངས་དོན་བྱེད་པོས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལས་ཐོན་པའི་ཁེ་དབང་སྤྱོད་རྒྱུ་དང་འོས་འགན་སྒྲུབ་པར་ཐེ་ཇུས་བྱས་མི་ཆོག
(3)འགན་འཁྲིའི་ནུས་པ་སྟེ། དམངས་དོན་བྱེད་པོས་བཅའ་ཁྲིམས་བྱ་སྤྱོད་ཀྱི་གཏན་འབེབས་དང་འགལ་ན་ཁྲིམས་ལྟར་བཅའ་ཁྲིམས་འགན་འཁྲི་འཁུར་དགོས། ནུས་པ་དེ་ཡང་མི་མངོན་པའི་ནུས་པ་ཡིན་པ་དང་དམངས་དོན་བྱེད་པོས་བཅའ་ཁྲིམས་བྱ་སྤྱོད་ཀྱི་གཏན་འབེབས་དང་འགལ་བ་ཡིན་ཚེ་གཞི་ནས་དངོས་ཡོད་ཀྱི་བཅའ་ཁྲིམས་མཇུག་འབྲས་སུ་འགྱུར་བ་ཡིན། མཇུག་འབྲས་འདི་རིགས་ནི་དམངས་དོན་འགན་འཁྲི་འཁུར་དགོས་པའམ་དེ་ལས་ནན་པའི་བཅའ་ཁྲིམས་ཀྱི་ཆད་པ་ཡིན་སྲིད།
དམངས་དོན་བྱེད་པོས་འདོད་བློ་སྟོན་པར་ནུས་པ་ཐོན་པའི་དུས་ཚོད་གང་འདྲ་གཏན་འཁེལ་བྱེད་དགོས།
བལྟོས་བཅས་མི་ཡོད་མེད་དབང་གིས་དམངས་དོན་བྱེད་པོས་འདོད་བློ་སྟོན་པར་ནུས་པ་ཐོན་པའི་དུས་ཚོད་ཡང་མི་འདྲ་སྟེ།
(1)བལྟོས་བཅས་མི་ཡོད་པ། བལྟོས་བཅས་མི་ཡོད་པའི་འདོད་བློ་སྟོན་པར་གླེང་མོལ་གྱི་རྣམ་པའི་ཐོག་ནས་འདོད་བློ་སྟོན་པ་དང་གླེང་མོལ་གྱི་རྣམ་པ་མིན་པའི་ཐོག་ནས་འདོད་བློ་སྟོན་པ་གཉིས་ཚུད་ཡོད། གླེང་མོལ་གྱི་རྣམ་པའི་ཐོག་ནས་འདོད་བློ་སྟོན་པ་ཡིན་ན། བལྟོས་བཅས་མིས་དེ་དོན་ཤེས་པའི་དུས་སུ་ནུས་པ་ཐོན་པ་ཡིན། གླེང་མོལ་གྱི་རྣམ་པ་མིན་པའི་ཐོག་ནས་འདོད་བློ་སྟོན་པ་ཡིན་ན། བལྟོས་བཅས་མི་ལ་དེ་འབྱོར་བའི་དུས་སུ་ནུས་པ་ཐོན་པ་ཡིན། གླེང་མོལ་གྱི་རྣམ་པ་མིན་ཞིང་གཞི་གྲངས་གློག་ཡིག་གི་རྣམ་པ་སྤྱད་དེ་འདོད་བློ་སྟོན་པ་ནི། བལྟོས་བཅས་མིས་ཆེད་དམིགས་མ་ལག་དམིགས་འཛུགས་བྱས་ནས་གཞི་གྲངས་གློག་ཡིག་དེ་བསྡུ་ལེན་བྱེད་པ་ཡིན་ན། གཞི་གྲངས་གློག་ཡིག་དེ་ཆེད་དམིགས་མ་ལག་དེར་བཅུག་པའི་དུས་སུ་ནུས་པ་ཐོན་པ་ཡིན། ཆེད་དམིགས་མ་ལག་དམིགས་འཛུགས་བྱས་མེད་ན། བལྟོས་བཅས་མིས་གཞི་གྲངས་གློག་ཡིག་དེ་ཁོའི་མ་ལག་ཏུ་བཅུག་པ་ཤེས་པའམ་ཤེས་དགོས་པའི་དུས་སུ་ནུས་པ་ཐོན་པ་ཡིན། གཞི་གྲངས་གློག་ཡིག་ཐོག་ནས་འདོད་བློ་སྟོན་པར་ནུས་པ་ཐོན་པའི་དུས་ཚོད་ཐད་ལ་དོ་བདག་བར་ལོགས་སུ་གྲོས་དན་བཞག་ཡོད་ན། གྲོས་དན་དེ་གཞིར་འཛིན་དགོས།
(2)བལྟོས་བཅས་མི་མེད་པ། བལྟོས་བཅས་མི་མེད་པའི་འདོད་བློ་སྟོན་པ་ཡིན་ན། བསྟན་ཚར་དུས་སུ་ནུས་པ་ཐོན་པ་ཡིན། བཅའ་ཁྲིམས་ནང་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
འདོད་བློ་སྟོན་པ་དེ་ཕྱིར་འཐེན་བྱས་ཆོག་གམ།
འདོད་བློ་སྟོན་པ་ཕྱིར་འཐེན་བྱེད་པ་ཞེས་པ་ནི་བལྟོས་བཅས་མི་ཡོད་ཅིང་གླེང་མོལ་གྱི་རྣམ་པ་མིན་པའི་ཐོག་ནས་འདོད་བློ་སྟོན་པའི་སྔོན་འགྲོའི་འོག་འདོད་བློ་སྟོན་པར་བཅའ་ཁྲིམས་ཀྱི་ནུས་པ་མ་ཐོན་གོང་དུ་འདོད་བློ་སྟོན་མིས་བཅའ་ཁྲིམས་ཀྱི་ནུས་པ་མི་ཐོན་པ་བྱེད་པའི་ཆེད་དུ་འདོད་བློ་སྟོན་པ་ཕྱིར་འཐེན་བྱེད་པའི་བྱ་སྤྱོད་ལ་ཟེར། བལྟོས་བཅས་མི་ཡོད་ཅིང་གླེང་མོལ་གྱི་རྣམ་པ་མིན་པའི་ཐོག་ནས་འདོད་བློ་སྟོན་པ་ཡིན་ན། འདོད་བློ་སྟོན་པ་བལྟོས་བཅས་མི་ལ་འབྱོར་དུས་ནུས་པ་ཐོན་པ་ཡིན་པ་དང་འདོད་བློ་སྟོན་མིར་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པ་ཡིན། འདོད་བློ་སྟོན་པ་དེ་ནུས་པ་ཐོན་མེད་པ་ཡིན་ན། བལྟོས་བཅས་མིས་འདོད་བློ་སྟོན་པའི་ནང་དོན་མི་ཤེས་པ་དང་བལྟོས་བཅས་མིའི་ཁེ་ཕན་ལ་གནོད་སྐྱོན་གཏོང་མི་སྲིད་པས་འདོད་བློ་སྟོན་མིས་ཐབས་ཤེས་བཏང་ནས་འདོད་བློ་སྟོན་པ་ཕྱིར་འཐེན་བྱས་ནས་འདོད་བློ་སྟོན་པའི་ནུས་པ་ཐོན་པར་བཀོག་འགོག་བྱེད་པའི་དབང་ཆ་ཡོད་པ་སྟེ། འདོད་བློ་སྟོན་མིས་འདོད་བློ་སྟོན་པ་ཕྱིར་འཐེན་བྱས་པའི་བརྡ་སྦྱོར་དེ་འདོད་བློ་སྟོན་པའི་བལྟོས་བཅས་མི་ལ་མ་འབྱོར་གོང་དུ་འབྱོར་བ་ཡིན་ན། འདོད་བློ་སྟོན་པ་འདི་ལ་བཅའ་ཁྲིམས་ཀྱི་ནུས་པ་མི་ཐོན་པ་ཡིན། འདོད་བློ་སྟོན་པ་ཕྱིར་འཐེན་བྱས་པའི་བརྡ་སྦྱོར་ནི་འདོད་བློ་སྟོན་པ་དང་དུས་གཅིག་ཏུ་བལྟོས་བཅས་མི་ལ་འབྱོར་བ་ཡིན་ན། བལྟོས་བཅས་མིས་འདོད་བློ་སྟོན་པར་ནུས་པ་ཐོན་ཡོད་མེད་ལ་དོགས་པ་ཟ་ངེས་ཡིན་པས། འདོད་བློ་སྟོན་པར་འདི་གཞིར་བཞག་ཐོག་བྱ་སྤྱོད་སྤེལ་རྒྱུ་མིན་པས་ཁོའི་ཁེ་ཕན་ཡང་འདོད་བློ་སྟོན་པ་ཕྱིར་འཐེན་བྱས་པའི་དབང་གིས་གནོད་འཚེ་ཕོག་མི་སྲིད། གནས་ཚུལ་འདི་འདྲའི་འོག་འདོད་བློ་སྟོན་མིར་འདོད་བློ་སྟོན་པར་ཕྱིར་འཕེན་བྱས་ཆོག་པའི་དབང་ཆ་སྤྲད་པ་ཡང་དྲང་གཞག་ལུགས་མཐུན་ཞིག་ཡིན།