ལྗོངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་ཧ་ཅང་བརྟན་པོ་རྒྱུན་མཐུད་བྱུང་བ།
ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་རུ་དཔོན་གཞོན་པ་ཝང་ཐའོ་ཡིས《བོད་རང་སྐྱོང་ལྗོངས་ཀྱི་མེ་ཟོན་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལག་ལེན་བསྟར་ནས་ལོ་གཅིག་སོང་རིང་ལྗོངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་བསྒྲུབས་ཚུལ་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་ལ་གཞིགས་ན། ལྗོངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཀྱི་ཁྲིམས་སྲོལ་ཞིག་ཡིན་པའི《སྲོལ་ཡིག》གསར་པ་ལག་ལེན་བསྟར་ནས་ལོ་གཅིག་སོང་རིང་། ལྗོངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་ཧ་ཅང་བརྟན་པོ་རྒྱུན་མཐུད་བྱུང་ནས་མེ་སྐྱོན་གྱི་དོན་རྐྱེན་ཚབས་ཆེན་ཡན་གཏན་ནས་ཐོན་མེད་ཁར། ལྗོངས་ཡོངས་སུ་ལོ་21བསྟུད་མར་མེ་སྐྱོན་གྱི་དོན་རྐྱེན་ཚབས་ཆེན་ཡན་ཐོན་མེད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་མེ་ཟོན་ཁྲིམས་སྲོལ་མ་ལག་འཛུགས་པ་དང་སྔར་བས་འཐུས་ཚང་ཡོང་བར་བྱས་ཤིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》གསར་པའི་ལེ་ལག་ཚང་བའི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་གང་མགྱོགས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་ཚན་པའི་མེ་ཟོན་བདེ་འཇགས་ཀྱི་དོ་དམ་སྲོལ་ཡིག》སོགས་སྲིད་གཞུང་གི་གཏན་འབེབས་ཁག་4བཟོ་བཅོས་བརྒྱབ་ནས་བཟོས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མེ་སྐྱོན་དོན་རྐྱེན་བརྟག་དཔྱད་དང་ཐག་གཅོད་གཏན་འབེབས》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་15བཟོས་ཤིང་། འཆར་ཟིན་བཟོ་བའི་ནང་། རྒྱལ་ནང་དུ་ཐོག་མར་གནའ་བོའི་འཛུགས་སྐྲུན་ལ་དམིགས་པའི་མེ་ཟོན་བདེ་འཇགས་ཚད་གཞི་ཅན་གྱི་དོ་དམ་ཡིག་ཆ《རིག་དངོས་ཀྱི་གནའ་བོའི་འཛུགས་སྐྲུན་གྱི་མེ་ཟོན་བདེ་འཇགས་ཀྱི་ཚོད་སྐོར་གཏན་འབེབས》ཀྱི་ས་གནས་ཀྱི་ཚད་གཞི་ཁག་3ཚུད་ཡོད།
ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཅན་གྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་མ་ལག་ཕྱོགས་མང་པོ་ནས་བཏོད་ཅིང་། རང་སྐྱོང་ལྗོངས་རིམ་པ་དང་། གྲོང་ཁྱེར(ས་ཁུལ)7 རྫོང(ཆུས་དང་གྲོང་ཁྱེར)74བཅས་ཀྱི་རིམ་གསུམ་སྲིད་གཞུང་གིས་དངོས་ཚན་ཅན་གྱི“མེ་ཟོན་བདེ་འཇགས་ཨུ་ལྷན”ལས་གཉེར་དང“བདེ་འཇགས་ཆེན་པོ་དང་མེ་ཟོན་ཆེན་པོའི”འགན་ནུས་རྒྱ་ཆེར་བཏང་ནས་ཁོངས་མིའི་ཚན་པ་46ལེགས་སྒྲིག་གསར་སྣོན་བྱས་པ་དང་། བོད་ཀྱི་ཁྱད་ཆོས་དང་འཚམ་པའི་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་གི་མ་ལག་སྒྲོམ་གཞི་འཚོལ་ཞིབ་བྱས་ནས་བཙུགས་ཐོག་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཁྲོམ་གཞུང་536ལ་མེ་ཟོན་ལས་དོན་ས་ཚིགས་དང་ལས་དོན་ཁང་བཙུགས་པ་མ་ཟད། ཆེད་བསྐོས་མེ་ཟོན་རུ་ཁག་255བཙུགས་ཡོད། དེ་དང་ཆབས་ཅིག རིག་དངོས་དང་། སློབ་གསོ། སྨན་བཅོས། ཚོང་དོན་སོགས་ཀྱི་ལས་རིགས་ཆེན་པོ་11ལ་མེ་ཟོན་བདེ་འཇགས་ཚད་གཞི་ཅན་གྱི་དོ་དམ་མིག་དཔེའི་ཚན་པ་བཙུགས་ཏེ་གནས་ཀྱིས་ཁྱོན་ཡོངས་ཁྲིད་པའི་སྒོ་ནས་ལས་རིགས་ཀྱི་མེ་ཟོན་བདེ་འཇགས་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ཡོད།
ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ཞིང་། ལྗོངས་ཡོངས་སུ་ལས་རིགས་ལག་རྩལ་གྱི་གསལ་འབྱེད་ལྟེ་གནས་ཁག་2དང་། མེ་ཟོན་འབྲེལ་གཏུག་འགན་སྲུང་ལྟེ་གནས་དང་མེ་ཟོན་རོགས་སྐྱོབ་ཞབས་ཞུའི་ལྟེ་གནས་ཁག་7བཙུགས་པ་མ་ཟད། ས་ཡོམ་དང་ཐོག་བརྩེགས་ཁང་ཆེན་སོགས་སོགས་རིགས་དགུའི་ཆེད་ལས་དཔུང་ཁག་65བཙུགས་ཏེ། དམག་འཐབ་མཐུན་སྦྱོར་ཁུལ་དང་། དམིགས་བསལ་ལས་སྒྲུབ་ས་ཚིགས། འཚོལ་སྐྱོབ་དམག་ཁྱིའི་རྟེན་གཞི། “ལྟེ་གནས་གཅིག་དང་། རྟེན་གཞི་དྲུག”འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་ཡོད། དེ་བཞིན་ཚན་རིག་དང་མཐུན་པའི་སྒོ་ནས་བོད་དབུས་དང་། བོད་ཤར། བོད་ནུབ་བཅས་མཉམ་དུ་བཀོད་གཏོང་དང་། ལས་སྒྲུབ། དམག་འཐབ་བཅས་ཀྱི་འཐབ་སྦྱོར་ཁུལ་གསུམ་ཕྱེ་སྟེ། སྤྱི་ཁྱབ་རུ་ཁག་10ཡི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་15དང་ལྗོངས་ཡོངས་ཀྱི་ལས་རིགས་ཁག་གི་སྣེ་ཁྲིད་ཤེས་ལྡན་པ་164ལས་གྲུབ་པའི་མེ་སྐྱོན་རོགས་སྐྱོབ་རིགས་གཅིག་མཁས་ཅན་གྱི་ཚོགས་ཆུང་ཡང་བཙུགས་པ་རེད།