རང་རྒྱལ་དུ་སྐུད་ཡོད་བརྙན་འཕྲིན་དང་དྲ་རྒྱའི་བརྙན་འཕྲིན་ཁ་ཕྱེ་དུས་ཀྱི་བརྡ་ཁྱབ་ཕྱོགས་ཡོངས་ནས་མེད་པར་བཟོས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བརྙན་འཕྲིན་གྱི་གྲོན་དངུལ་བསྐྱར་བསྡུ་དང་བཀོལ་སྤྱོད་རྙོག་དྲ་ཆེ་བར་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་བ་ནས་2023ལོའི་ལོ་མཇུག་བར། ཟླ་བ་བཞི་ལྷག་ཙམ་སྐུལ་སྤེལ་བཏང་བ་བརྒྱུད། དུས་མཚམས་དང་པོའི་ལས་དོན་དེ“བརྙན་འཕྲིན་ཁ་ཕྱེ་མ་ཐག་ཐད་གཏོང་ལྟ་བ་དང་། གྲོན་བསྡུ་བྱེད་ཚད་50%བར་གཅོག་པ། འཛད་སྤྱོད་ཡོངས་བསྒྲགས་བྱེད་ཚད་མཐོ་རུ་གཏོང་བ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། སྐུད་ཡོད་བརྙན་འཕྲིན་དང་དྲ་རྒྱའི་བརྙན་འཕྲིན་ཁ་ཕྱེ་དུས་ཀྱི་བརྡ་ཁྱབ་ཚང་མ་མེད་པར་བཟོས་པ་དང་། ཁ་ཕྱེ་བའི་དུས་ཚོད་དེ་བཅོས་སྒྲིག་མ་བྱས་གོང་གི་དུས་ཚོད་རིང་ཤོས་སྐར་ཆ་118ནས་སྐར་ཆ་35ནང་ཚུན་བར་ཐུང་དུ་བཏང་ཡོད།
འདི་ནི་གསར་འགོད་པར་ཚེས་23ཉིན་བརྙན་འཕྲིན་གྱི་གྲོན་དངུལ་བསྐྱར་བསྡུ་དང་བཀོལ་སྤྱོད་རྙོག་དྲ་ཆེ་བར་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཕྱོགས་སྡོམ་བཀོད་སྒྲིག་གི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ཚོགས་འདུ་འདི་ནི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཚོགས་པ་ཞིག་རེད། ཚོགས་འདུའི་ཐོག་བརྙན་འཕྲིན་གྱི་གྲོན་དངུལ་བསྐྱར་བསྡུ་དང་བཀོལ་སྤྱོད་རྙོག་དྲ་ཆེ་བར་བཅོས་སྒྲིག་བྱེད་པའི་དུས་མཚམས་དང་པོའི་ལས་དོན་གྱི་འཕེལ་རིམ་དང་ཕན་འབྲས་བརྡ་ཁྱབ་བཏང་བ་རེད།
གྲོན་བསྡུ་བྱེད་ཚད་དམའ་རུ་གཏོང་བའི་ཐད། ཤེས་རྟོགས་བྱུང་བར་གཞིགས་ན། གྲོན་བསྡུའི་རིགས་སྣ་ཚོགས་50%ཡན་ཙམ་ཧ་ཅང་ཉུང་དུ་བཏང་ཡོད། ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། 2024ལོའི་བཅོས་སྒྲིག་ལས་དོན་སྤེལ་སྐབས་རྒྱང་གཅུན་གཅིག་ནས་བརྙན་འཕྲིན་ལྟ་བར་རིམ་བཞིན་སྐུལ་འདེད་གཏོང་རྒྱུ་རེད། རྒྱང་གཅུན་ཐད་བརྙན་འཕྲིན་ལྟ་མཁན་གྱིས་སྨུག་ཕྱིའི་འོད་ཀྱི་རྒྱང་གཅུན་སློབ་སྦྱོང་བྱེད་ནུས་སྤྱོད་པར་དྲིལ་བསྒྲགས་རྒྱ་ཁྱབ་བམ་ཡང་ན་སྒོ་འགྲམ་དུ་བསྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། “རྒྱང་གཅུན་གཅིག་ནས་ཐད་གཏོང་ལྟ་ཐུབ་པ”མངོན་འགྱུར་བྱ་རྒྱུ་རེད། རྒྱང་གཅུན་མང་དུ་གཏོང་བའི་ཐད། གཅིག་གྱུར་གྱི་ཚད་ལྡན་གྱི་ཚད་གཞི་བཟོས་ནས་རྒྱང་གཅུན་དཔེ་གསར་ཞིབ་འཇུག་གསར་སྤེལ་བྱས་ཏེ། རྒྱང་གཅུན་གཅིག་ནས་བརྙན་འཕྲིན་ལྟ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་རེད།