ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་རྡོ་ཐ་ཁྲོམ་རར་གཙང་སེལ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ།
འདི་ནི་ཆེད་ཚོང་ཅུས་ཀྱི་ཁྲིམས་སྒྱུར་བས་ཚོང་ཁང་དུ་ཞིབ་བཤེར་བྱེད་བཞིན་པ།
འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་འགན་ལེན་ཏན་ཏིག་བྱས་ནས་རྡོ་ཐ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་རྡོ་ཐ་ཁྲོམ་རའི་སྒྲིག་ལམ་ལེགས་པོ་ཞིག་གཏོད་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས་མཚན་མོ་རྡོ་ཐ་ཁྲོམ་རར་གཙང་སེལ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།
བྱ་སྤྱོད་སྤེལ་རིང་། ཆེད་ཚོང་ཅུས་ཀྱི་ཁྲིམས་སྒྱུར་བ་ཚོགས་ཆུང་གསུམ་ལ་བགོས་ནས་འགན་འཁྲི་ཁག་བགོས་ཁ་གསལ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཨར་ཁང་དང་མཚན་མོའི་རོལ་རྩེད་ཁང་སོགས་མི་སྣ་འདུ་འཛོམས་ཆེ་ས་དང་དེ་གོང་ཁོང་དུ་ཆུད་པའི་ཁུངས་སྣེ་སོགས་ཆ་འཕྲིན་ལ་གཞིགས་ནས“རྒྱུན་སྲོལ་ལྟར་མིན་པ་དང་། གློ་བུར་དུ་ཞིབ་བཤེར་བྱེད་པ”ཡི་ཐབས་ལམ་སྤྱད་དེ་རིམ་པ་བཞིན་གྲལ་བཤེར་བྱས་ནས། རྡོ་ཐ་དང་། ཇ་ཐ། གློག་ཐ་བཅས་རྫུན་མ་འཚོང་བ་དང་ལྐོག་ཚོང་རྒྱག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཡོད་མེད་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།
ད་ཐེངས་ཀྱི་མཚན་བཤེར་བྱ་སྤྱོད་སྤེལ་རིང་ཁྱོན་རིགས་ཁག་གི་རྡོ་ཐ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་2ཞིབ་བཤེར་ཐུབ་པ་ལས་གཅིག་ནི་གྱོད་འབྲེལ་རིན་ཐང་སྒོར་ཁྲི་5ཡན་ཟིན་པའི་གྱོད་གཞི་ཆེན་པོ་ཡིན་པ་དང་། གཅིག་ཤོས་ནི་རིམ་རྩིས་བྱས་ན་ཁྲིམས་འགལ་གྱི་རྡོ་ཐ་སྒམ་801ཞིབ་བཤེར་ཐུབ་པར་གྱོད་འབྲེལ་དངུལ་སྒོར་ཁྲི་27ཟིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཐ་མག་རྫུན་མ་འཚོང་བ་དང་ཐ་མག་ལྐོག་འཚོང་རྒྱག་མཁན་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས་ཁྲིམས་སྒྱུར་མཉམ་འགུལ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། ཁྲོམ་རའི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྡོ་ཐ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བ། རྡོ་ཐ་ཁྲོམ་ར་ཟམ་མི་ཆད་པར་གཙང་མ་ཡོང་བ་བཅས་བྱས་ནས་རྡོ་ཐ་ཁྲོམ་རའི་སྒྲིག་ལམ་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།