དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན།

    ས་ཁོངས་འདི་གའི་ཁ་པར་ཨང་གྲངས་ཡིན་ཡང་ཁ་བསླུས་མགོ་སྐོར་འོག་ཚུད་ཉེན་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    མི་མང་པོ་ཞིག་གིས་ཁ་པར་འབྱོར་སྐབས་ཁོངས་གཏོགས་ས་ཆ་མི་མངོན་པའམ་ཨང་གྲངས་ཀྱི་མདུན་དུ“0”ཡོད་ཚེ་དེ་ནི་རྒྱལ་མཚམས་ཕྱིའི་ཁ་པར་ཡིན་པ་དང་དེ་དག་མང་ཆེ་བ་ནི་ཁ་བསླུས་ཀྱི་ཁ་པར་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་གལ་ཏེ“ས་ཁོངས་འདི་གའི”ཁ་པར་འབྱོར་ཚེ་ཁྱེད་ཀྱིས་དོགས་ཟོན་བྱེད་སྲིད་དམ། ཉེ་དུས་ལྷ་སར“ས་གནས་དེ་རང་གི་ཁ་པར་ཨང་གྲངས”སྤྱད་ནས་ཁ་བསླུས་རྒྱག་པའི་གྱོད་གཞི་མང་པོ་ཐོན་ཡོད། ཁྲིམས་འགལ་བས་རྒྱལ་མཚམས་ཕྱིའི་ཁ་བསླུས་ཚོགས་པར་འཕྲིན་གཏོང་འདེགས་སྐྱོར་བྱས་ཏེ་ལག་རྩལ་ལ་བརྟེན་ནས་ཁ་པར་རྒྱག་མཁན་གྱི་ཨང་གྲངས་རྒྱལ་ནང་ནས་ཡིན་པར་རྗུས་ཀྱི་ཡོད་པས་མགོ་སྐོར་འོག་ཚུད་བདེ་པོ་ཡོད།

    གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ནས་ཤེས་རྟོགས་བྱས་པར། ཉེ་དུས་ལྷ་སར“ས་ཁོངས་འདི་གའི་ཁ་པར་ཨང་གྲངས”སྤྱད་ནས་ཁ་བསླུས་རྒྱག་པའི་གྱོད་གཞི་མང་པོ་ཐོན་ཡོད། མི་དམངས་ཉེན་རྟོག་པས་ཕྱོགས་མང་པོ་ནས་དབྱེ་ཞིབ་དང་ཞིབ་བཅད་བྱས་མཐར། ཟླ་1ཚེས་5ཉིན་གྱི་ཆུ་ཚོད་19ཙམ་ལ་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་གྱི་གསོལ་མགྲོན་ཁང་ཞིག་ཏུ“ཁ་བསླུས་ཁ་པར”གྱི་ནག་ཚོགས་ཤིག་རྩད་ཆོད་ནས། ཉེས་གསོག་དོགས་ཅན་5བཟུང་བ་རེད། ས་ཡུལ་དངོས་ནས་ཉེས་གསོག་ཡོ་བྱད་GOIPསྒྲིག་སྦྱོར་བྱས་པའི་ལག་ཐོགས་ཁ་པར་14དང་། ཁ་པར་གྱི་གཱ་7 GOIPསྐད་ལམ་འབྲེལ་མཐུད་གློག་སྐུད་10 ལས་གཉེར་ལག་ཁྱེར་དང་ཐེལ་ཙེ་གཅིག་བཅས་གཞུང་བཞེས་བཏང་ཡོད།

    ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་རིམ་པ་གསུམ་པའི་ཉེན་རྟོག་འགོ་དཔོན་ལི་ཏུང་ཁྲོན་གྱིས་ངོ་སྤྲོད་བྱས་པར། GOIPནི་ཁ་པར་ཨང་གྲངས་རྫུན་བཟོའི་སྒྲིག་ཆས་ཤིག་ཡིན་པ་དང་། དེས་རྒྱུན་གཏན་གྱི་ཁ་པར་ཨང་གྲངས་ཀྱི་བརྡ་རྟགས་དྲ་རྒྱའི་བརྡ་རྟགས་ལ་བསྒྱུར་གྱི་ཡོད། དེ་ནི་སྒུལ་བདེའི་སྦྲེལ་ཚུགས་དང་འདྲ་པོ་རེད། ཁ་བསླུས་རྒྱག་མཁན་གྱིས་སྒྲིག་ཆས་དེ་སྤྱད་ཚེ་རྒྱལ་མཚམས་ཕྱིའི་ཁ་པར་ས་གནས་དེ་རང་གི་ཁ་པར་ཨང་གྲངས་ལ་བརྫུས་ཐུབ་པ་མ་ཟད། རྒྱལ་མཚམས་ཕྱི་ནས་སྒྲིག་ཆས་དེར་ཚོད་འཛིན་བྱས་ནས་ཁ་བསླུས་རྒྱག་ཐུབ་ཀྱི་ཡོད།

    “ཁ་བསླུས་རྒྱག་མཁན་གྱིས་ས་ཆ་གཞན་གྱི་དྲ་རྒྱ་བརྒྱུད་རྒྱང་རིང་ནས་ཁ་པར་རྒྱག་པའི་ཐབས་ཤེས་སྤྱོད་ཀྱི་ཡོད་པས“མི་དང་ཁ་པར”ས་ཆ་གཉིས་སུ་ཡོད་པ་མངོན་འགྱུར་ཐུབ་པ་མ་ཟད་ས་གནས་དེ་རང་གི་ཁ་པར་ཨང་གྲངས་སམ་གདན་འཇོག་ཁ་པར་ཨང་གྲངས་མངོན་ཐུབ་སྟེ་གནོད་འཚེ་ཕོག་མཁན་ལ་མགོ་སྐོར་གཏོང་གི་ཡོད། ཁ་པར་འབྱོར་སྐབས་ས་གནས་དེ་རང་གི་ཨང་གྲངས་མངོན་སྐབས་མང་ཚོགས་ཀྱི་ཉེན་ཟོན་འདུ་ཤེས་བལྟོས་བཅས་ཀྱིས་ཆུང་བ་ཡོད་པས་ཁ་བསླུས་ཐེབས་སླ་པོ་ཡོད”ཅེས་ལི་ཏུང་ཁྲོན་གྱིས་བཤད།

    ཉེན་རྟོག་ཕྱོགས་ནས་དྲན་སྐུལ་བྱས་དོན། “ཁེ་བཟང་ཆུང་ངུར་རྔམ་ནས་རང་ཉིད་ཀྱི་ཁ་པར་གཱ་དང་དངུལ་ཁང་གཱ་འཚོང་བ་དང་གཡར་བ་སོགས་གཏན་ནས་བྱེད་མི་རུང་བ་དང་། ཁེ་བཟང་ཆེན་པོར་རྔམ་ནས་GOIPསྒྲིག་ཆས་བཙུགས་ཏེ་ཁ་བསླུས་རྒྱག་མཁན་ལ་གཞོགས་འདེགས་བྱེད་མི་རུང་། སྙད་གཙེར་ཁ་པར་འབྱོར་ཚེ་གཡོ་འོག་ཏུ་མི་ཚུད་པའི་ཆེད་དུ་ཡག་ཤོས་བྱུང་ན་ལམ་སེང་ཁ་བཀག་པ་ལས་ཕར་ཕྱོགས་ལ་ལན་སློག་པ་སོགས་མ་བྱས་ན་ལེགས། གལ་ཏེ་མི་གཞན་གྱིས་ཉེས་གསོག་པར་ཁྲིམས་འགལ་གྱིས་VOIPདང་GOIPསོགས་ཀྱི་སྒྲིག་ཆས་འཛུགས་པ་དང་བེད་སྤྱོད་གཏོང་རོགས་བྱས་པ་ཤེས་ཚེ། ཁྱེད་ཀྱིས་འཕྲལ་མར་110ལ་ཉེན་བརྡའི་ཁ་པར་རྒྱག་རོགས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།