མི་དམངས་ཀྱི་ཁྲིམས་དཔོན་བཟང་པོ། བསོད་ནམས་བག་གྲོ
ཤ་རྩི་ཅུང་ནག་ལ་བློ་རྩ་བརྟན་ཞིང་སྐད་ཆ་ཤོད་སྐབས་གདེང་ཚོད་ཀྱིས་ཁེངས་པའི་བསོད་ནམས་བག་གྲོས་ལས་གོས་གྱོན་ཚེ་ཁྲིམས་དཔོན“པའོ་ཀུང”དང་འདྲ་ལ། ལས་གོས་ཕུད་སྐབས་རྫིག་ཉམས་དོད་པའི་ཕོ་གསར་ཞིག་རེད།
བསོད་ནམས་བག་གྲོ་ད་ལྟ་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་དང་རིམ་པ་དང་པོའི་ཁྲིམས་དཔོན་ཞིག་ཡིན་ཞིང་། 2007ལོར་སློབ་ཆེན་ཐོན་པ་ནས་ད་བར་ཁོང་གིས་གཞི་རིམ་ཁྲིམས་ཁང་དུ་ལས་ཀ་བྱས་ནས་ལོ་17སོང་ཡོད།
བསོད་ནམས་བག་གྲོས། ངས་ཐག་གཅོད་བྱེད་མང་ཤོས་ནི་ཁྱིམ་ཚང་གི་གཉེན་སྒྲིག་རྩོད་གཞིའམ་ཡང་ན་ཁྱིམ་མཚེས་དབར་གྱི་འགལ་བ་ཡིན་ཞིང་། ཕར་བལྟས་ན་དོན་དག་ཆུང་རྩག་ཤ་སྟག་ཡིན་པས་ཤོད་རིན་མེད་པ་ལྟ་བུར་སྣང་ཡང་། དེ་དག་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་གྱོད་གཞི་དེ་རིགས་ལ་སྣང་མེད་དང་ལྷོད་གཡེང་གཏན་ནས་གཏོང་མི་རུང་ཞེས་བརྗོད།
ཐེངས་ཤིག་བཟའ་ཚང་ཁ་བྲལ་གྱི་གྱོད་གཞི་ཞིག་ཞིབ་གཅོད་བྱེད་སྐབས་ཁྱོ་གས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བརྒྱབ་མོད། འོན་ཀྱང་བཟའ་ཟླས་མོས་མཐུན་གཏན་ནས་མ་བྱས་སྟབས། དོ་བདག་ཕྱོགས་གཉིས་པོའི་ལྟ་ཚུལ་མི་མཐུན་པའི་དབང་གིས་གྱོད་གཞི་དེ་གནས་སྐབས་ཐག་གཅོད་དཀའ་བར་གྱུར། སྐབས་དེར་ཁོང་གིས་ཕྱོགས་གཉིས་པོའི་འབྲོག་ཁུལ་དུ་ཡོད་པའི་སྡོད་གནས་སུ་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་རྒྱུའི་ཐག་བཅད།
སྐབས་དེར་ཏག་ཏག་དབྱར་ཁ་ཡིན་པས་འབྲོག་པ་ཚོ་རིར་ཕྱུགས་འཚོ་བའི་སྒང་རེད། ཁོང་གིས་དོ་བདག་ཕྱོགས་གཉིས་ཀྱི་སྡོད་གནས་རྩད་བཅད་རྗེས། དྲུང་ཡིག་དང་མཉམ་དུ་ལམ་རྒྱགས་ཁྱེར་ཏེ་ལམ་ལ་ཆས། རི་མགོར་ལམ་མེད་པས་རླངས་འཁོར་རི་གཤམ་དུ་བཞག་སྟེ་རྐང་ཐང་མར་ཆུ་ཚོད་ཁ་ཤས་སོང་རྗེས། ས་སྲིབ་མཚམས་སུ་གཞི་ནས་ཁོང་གཉིས་དོ་བདག་གནས་སའི་འབྲོག་རར་འབྱོར།
འབྲོག་རར་མི་ཡོང་མཁན་ཉུང་ཉུང་ཡིན་པས། ཐལ་རྡུལ་གྱིས་ཁེངས་པའི་ཁྲིམས་དཔོན་ཚོ་མཐོང་སྐབས་འབྲོག་པ་ཚོ་ཧ་ལས་ཧང་སངས་པར་གྱུར། ཉིན་དེའི་དགོང་མོ་བསོད་ནམས་བག་གྲོས་དོ་བདག་ཕྱོགས་གཉིས་པོ་སྐད་བཏང་སྟེ་ཕ་མ་ཁ་བྲལ་ཚེ་ཕྲུ་གུའི་འཚར་ལོངས་ལ་ཤུགས་རྐྱེན་གང་འདྲ་ཐེབས་མིན་དབྱེ་ཞིབ་ཞིབ་ཕྲ་བྱས་པ་མ་ཟད། ཁྱོ་ཤུག་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕྲུ་གུར་ལྟ་རྟོག་ཡག་པོ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས། བསོད་ནམས་བག་གྲོས་ཆོབ་ཚ་ལ་ཁུངས་ལུང་ལྡན་པའི་ངང་འདུམ་འགྲིག་བྱས་མཐར་དོ་བདག་ཕྱོགས་གཉིས་པོ་རྒྱུན་གཏན་བཞིན་འཆམ་མཐུན་ལྡན་པའི་འཚོ་བར་རོལ་ཐུབ་ཡོད།
ལས་ཀར་ཞུགས་ཚུན་བསོད་ནམས་བག་གྲོས་རིམ་རྩིས་བྱས་ན་གྱོད་གཞི་ཁག་500ལྷག་ཙམ་ཞིབ་གཅོད་བྱས་པ་དང་། གྱོད་ནོར་ཤོར་བ་དང་། འདྲི་གཅོད་ཀྱི་ཚད་བཀག་ལས་བརྒལ་བ། གོང་གཏུག་བྱེད་མཁན་བཅས་ཀྱི་གནས་ཚུལ་གཅིག་ཀྱང་ཐོན་མེད། ཉེ་བའི་ལོ་གསུམ་རིང་། ཁོང་གིས་ཁྱོན་གྱོད་གཞི་190ཡི་ཐག་གཅོད་ལས་ཀར་ཞུགས་པ་དང་། ཞིབ་གཅོད་བྱས་གྲངས་ཀྱིས་ཁྲིམས་ཁང་ཡོངས་ཀྱི་གྱོད་གཞིའི་75%ཟིན་པ། དམངས་དོན་གྱོད་གཞི་ཁག་176ཞིབ་གཅོད་བྱས་པའི་ནང་འདུམ་འགྲིག་བྱས་ནས་གྱོད་ཐག་བཅད་པའི་གྱོད་གཞི་ཁག་138དང་ཕྱིར་འཐེན་བྱས་པའི་གྱོད་གཞི་28ཡོད་པས་ཕྱིར་འཐེན་བྱེད་ཚད་95%ཟིན་ཡོད། ཉེ་འགྲམ་གྱི་ལས་བྱེད་པ་དང་ཉེན་རྟོག་པ་ཚང་མས་ཁོང་ལ་སྙིང་ཉེ་བའི་ངང་འདུམ་འགྲིག་མཁས་པ་ཞེས་འབོད་ཀྱི་ཡོད།
དམངས་འཚོ་དང་དམངས་འདུན་སེམས་ལ་བཞག་ནས་བཅའ་ཁྲིམས་ལ་བརྩི་བཀུར་ཞུ་བ་དང་རང་གི་ལག་ཏུ་བརྒྱུད་པའི་གྱོད་གཞི་ཚང་མ་ཏན་ཏན་ཏིག་ཏིག་ནས་སྒྲུབ་དགོས་ཞེས་པ་འདི་ནི་བསོད་ནམས་བག་གྲོའི་འབད་བརྩོན་གྱི་ཁ་ཕྱོགས་རེད།
བསོད་ནམས་བག་གྲོས་རྟག་ཏུ་རང་ཉིད་གམ་དུ་ཡོད་པའི་ན་གཞོན་ལས་བྱེད་ཉེན་རྟོག་པར། གྱོད་གཞི་འགའ་ཞིག་སྒྲུབ་པར་སྟབས་ཧ་ཅང་བདེ་པོ་ཡོད། འོན་ཀྱང་བདག་གཞན་མཉམ་བརྗེའི་བསམ་པ་བཅངས་ཏེ། མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་ཡིན་ཞེས་ཤོད་ཀྱི་ཡོད།