དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    ལེའུ་བཞི་པ། ཁྲིམས་མི་མིན་པའི་རྩ་འཛུགས།

    ཅི་ཞིག་ལ་ཁྲིམས་མི་མིན་པའི་རྩ་འཛུགས་ཟེར། ཁྲིམས་མི་མིན་པའི་རྩ་འཛུགས་ལ་རིགས་གང་དང་གང་ཡོད།

    ཁྲིམས་མི་མིན་པའི་རྩ་འཛུགས་ཞེས་པ་ནི་ཁྲིམས་མིའི་ཐོབ་ཐང་མེད་ཀྱང་། ཁྲིམས་ལྟར་རང་ཉིད་ཀྱི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་ཐུབ་པའི་རྩ་འཛུགས་ལ་ཟེར།

    ཁྲིམས་མི་མིན་པའི་རྩ་འཛུགས་ཀྱི་ཁོངས་སུ་མི་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས་དང་། རོགས་སྡེབ་ཁེ་ལས། ཁྲིམས་མིའི་ཐོབ་ཐང་མི་ལྡན་པའི་ཆེད་ལས་ཞབས་ཞུའི་སྒྲིག་གཞི་སོགས་ཚུད་ཡོད། མི་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས་ཞེས་པ་ནི་རང་བྱུང་མི་གཅིག་གིས་མ་རྩ་གཏོང་ཞིང་རྒྱུ་ནོར་མ་རྩ་གཏོང་མི་མི་སྒེར་ལ་དབང་བ་ཡིན་པ། མ་རྩ་གཏོང་མིས་རང་ཉིད་མི་སྒེར་གྱི་རྒྱུ་ནོར་གྱིས་ཁེ་ལས་ཀྱི་བུ་ལོན་ལ་འགན་འཁྲི་ཆ་ཚང་འཁུར་དགོས་པའི་དཔལ་འབྱོར་ཕུང་གཟུགས་ཤིག་ལ་ཟེར། རོགས་སྡེབ་ཁེ་ལས་ཞེས་པ་ནི་རང་བྱུང་མི་གཉིས་སམ་གཉིས་ཡན་གྱིས་རོགས་སྡེབ་གན་རྒྱ་བཞག་པ་བརྒྱུད་ཐུན་མོང་ནས་མ་རྩ་གཏོང་ཞིང་གཉེར་སྐྱོང་བྱེད་པ་དང་། ཁེ་གྱོང་དང་ཉེན་ཁ་མཉམ་ཁུར་གྱི་ཁེ་ལས་རྩ་འཛུགས་ཀྱི་རྣམ་པ་ཞིག་ལ་ཟེར།

    ཁྲིམས་མི་མིན་པའི་རྩ་འཛུགས་ཁ་འཐོར་གཏོང་བའི་གནས་ཚུལ་གང་དག་ཡོད།

    གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ན། ཁྲིམས་མི་མིན་པའི་རྩ་འཛུགས་ཁ་ཐོར་གཏོང་དགོས།

    (1)སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་སོར་གནས་ཡུན་ཚད་ལོངས་པའམ་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་ཁ་འཐོར་གཏོང་དགོས་པའི་རྒྱུ་རྐྱེན་གཞན་དག་བྱུང་བ།

    (2)མ་རྩ་གཏོང་མིའམ་འཛུགས་མིས་ཁ་འཐོར་གཏོང་ཐག་བཅད་པ།

    (3)བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་ཡིན།

    ཁྲིམས་མི་མིན་པའི་རྩ་འཛུགས་ཁ་འཐོར་གཏོང་ཚེ། ཁྲིམས་ལྟར་གཙང་རྩིས་རྒྱག་དགོས།

    ལེའུ་ལྔ་པ། དམངས་དོན་ཁེ་དབང་།

    རང་བྱུང་མིར་སྤྱོད་རྒྱུ་ཡོད་པའི་དམངས་དོན་ཁེ་དབང་གང་དང་གང་ཡོད།

    མདོར་བསྡུས་ནས་བཤད་ན། རང་བྱུང་མིར་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་སྤྱོད་རྒྱུ་ཡོད།

    མི་ལུས་ཁེ་དབང་ཞེས་པ་ནི་མི་ལུས་དང་འབྲེལ་བ་ཡོད་པའམ་མི་ལུས་དང་ཁ་འབྲལ་ཐབས་མེད་ཅིང་། ཐད་ཀར་གྱི་རྒྱུ་ནོར་ནང་དོན་མེད་པའི་ཁེ་དབང་ལ་ཟེར། རང་བྱུང་མིར་སྤྱོད་རྒྱུ་ཡོད་པའི་མི་ལུས་ཁེ་དབང་ཁོངས་སུ་མི་གཞིའི་ཁེ་དབང་དང་ཐོབ་ཐང་གི་ཁེ་དབང་ཚུད་ཡོད། མི་གཞིའི་ཁེ་དབང་ཞེས་པ་ནི་དམངས་དོན་བྱེད་པོས་བཅའ་ཁྲིམས་ཀྱི་མི་གཞི་གཞིར་བཞག་ཐོག་སྤྱོད་རྒྱུ་ཡོད་ཅིང་མི་གཞི་ཁེ་ཕན་བྱ་བའི་ཡུལ་དུ་བྱེད་པའི་རང་ཚུགས་ཀྱི་མི་གཞི་སྲུང་སྐྱོབ་བྱེད་པར་མཁོ་བའི་ཁེ་དབང་ལ་ཟེར། མི་གཞིའི་ཁེ་དབང་ལ་ཡང་སྤྱིར་བཏང་གི་མི་གཞིའི་ཁེ་དབང་དང་བྱེ་བྲག་གི་མི་གཞིའི་ཁེ་དབང་བཅས་གཉིས་ཚུད་ཡོད། སྤྱིར་བཏང་གི་མི་གཞིའི་ཁེ་དབང་ཁོངས་སུ་མི་ལུས་རང་དབང་དང་མི་ལུས་ལ་རྒྱ་ཚུད་ཡོད། རང་བྱུང་མིའི་མི་ལུས་རང་དབང་དང་། མི་གཞི་དང་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན། བྱེ་བྲག་གི་མི་གཞིའི་ཁེ་དབང་ཁོངས་སུ་ཚེ་སྲོག་གི་ཁེ་དབང་དང་། ལུས་ཕུང་གི་ཁེ་དབང་། བདེ་ཐང་གི་ཁེ་དབང་། རུས་མིང་གི་ཁེ་དབང་། འདྲ་བརྙན་གྱི་ཁེ་དབང་། མིང་གྲགས་ཀྱི་ཁེ་དབང་། མཚན་སྙན་གྱི་ཁེ་དབང་། སྒེར་གསང་གི་ཁེ་དབང་སོགས་ཚུད་ཡོད། ཐོབ་ཐང་གི་ཁེ་དབང་ཞེས་པ་ནི་རང་བྱུང་མིའམ་ཁྲིམས་མིའི་བྱ་སྤྱོད་ངེས་ཅན་ནམ་ཕན་ཚུན་བར་གྱི་འབྲེལ་བར་བརྟེན་ནས་ཐོན་པའི་དམངས་དོན་ཁེ་དབང་རིགས་ཤིག་ལ་ཟེར། ཐོབ་ཐང་གི་ཁེ་དབང་དེ་དམངས་དོན་བྱ་སྤྱོད་རིགས་ཤིག་ཡིན་པའི་ངོས་ནས་བཤད་ན། དེ་ནི་ཁེ་དབང་བདག་པོའི་ཁེ་ཕན་ཆེད་དུ་བཙུགས་པ་ཡིན་པ་མ་ཟད། བལྟོས་བཅས་མིའི་ཁེ་ཕན་ཆེད་དུ་བཙུགས་པ་ཡང་ཡིན། དེར་བརྟེན། ཁེ་དབང་བདག་པོས་ཁྲིམས་ལྟར་བཅའ་ཁྲིམས་ཀྱིས་སྤྲད་པའི་ཐོབ་ཐང་གི་ཁེ་དབང་ཁག་སྤྱོད་རྒྱུ་ཡོད་པ་མ་ཟད། ད་དུང་ངེས་པར་དུ་དེ་མཐུན་གྱི་ཁྲིམས་བཀོད་འོས་འགན་ཡང་སྒྲུབ་དགོས།

    རྒྱུ་ནོར་གྱི་ཁེ་དབང་ཞེས་པ་ནི་རྒྱུ་ནོར་གྱི་ཁེ་ཕན་ནང་དོན་དུ་བྱེད་པའི་ཐད་ཀར་རྒྱུ་ནོར་གྱི་ཁེ་ཕན་མཚོན་པའི་དམངས་དོན་ཁེ་དབང་ལ་ཟེར། རང་བྱུང་མིར་སྤྱོད་རྒྱུ་ཡོད་པའི་རྒྱུ་ནོར་གྱི་ཁེ་དབང་ཁོངས་སུ་དངོས་དབང་དང་བུན་དབང་གཉིས་ཚུད་ཡོད། དངོས་དབང་ཞེས་པ་ནི་དམིགས་འཛུགས་ཀྱི་དངོས་པོ་ཞིག་ལ་ཁེ་དབང་བདག་པོར་ཁྲིམས་ལྟར་སྤྱོད་རྒྱུ་ཡོད་པའི་ཐད་ཀར་བཀོལ་སྤྱོད་དང་གཞན་ཕུད་ཀྱི་ཁེ་དབང་ལ་ཟེར། དེར་བདག་དབང་དང་། བཀོལ་ཁེ་དངོས་དབང་། འགན་ལེན་དངོས་དབང་བཅས་ཚུད་ཡོད། བུན་དབང་ཞེས་པ་ནི་གན་རྒྱ་དང་། དབང་གནོད་བྱ་སྤྱོད། རྐྱེན་མེད་དོ་དམ། ཚུལ་མིན་ཁེ་ཐོབ་བཅས་དང་དེ་བཞིན་བཅའ་ཁྲིམས་ཀྱི་གཏན་འབེབས་གཞན་དག་གི་རྐྱེན་གྱིས། ཁེ་དབང་བདག་པོས་འོས་འགན་འཁུར་མི་ངེས་ཅན་ཞིག་གིས་བྱ་བ་ངེས་ཅན་ཞིག་སྒྲུབ་པའམ་མི་སྒྲུབ་པའི་རེ་འདུན་ཞུ་བའི་ཁེ་དབང་ཡིན།

    རང་བྱུང་མིའི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན་ནམ།

    སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དྲ་བའི་དུས་རབས་སུ་སླེབས་པ་དང་བསྟུན་ནས། ང་ཚོས་དྲ་སྦྲེལ་དང་སྒུལ་སྐྱོད་སྒྲིག་ཆས་ཀྱིས་ཁྱེར་ཡོང་བའི་སྟབས་བདེ་ལ་ལོངས་སྤྱོད་བྱེད་པ་དང་ཆབས་ཅིག མི་སྒེར་གྱི་ཆ་འཕྲིན་དག་ཁྲིམས་འགལ་གྱིས་བསྡུ་རུབ་དང་། བེད་སྤྱོད། ལས་སྣོན་བཅས་བྱས་པ་ལས་གནས་ཚུལ་ཐོན་དང་ཐོན་བཞིན་ཡོད་ལ། མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་ལས་བྱུང་བའི་དྲ་བའི་ཁ་བསླུས་རྒྱག་པ་དང་ཆ་འཕྲིན་ཁ་བསླུས་རྒྱག་པའི་གྱོད་གཞི་ཇེ་མང་ནས་ཇེ་མང་དུ་གྱུར་བཞིན་ཡོད། རང་བྱུང་མིའི་ཁྲིམས་མཐུན་ཁེ་དབང་ལ་སྔར་བས་ལྷག་པའི་སྒོ་ནས་སྲུང་སྐྱོབ་བྱེད་ཆེད། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་བཅུ་གཅིག་པའི་ནང་གཏན་འབེབས་བྱས་པ་ལྟར་ན། རང་བྱུང་མིའི་མི་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བར་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་རག་དགོས་ན། ཁྲིམས་ལྟར་རག་དགོས་པ་དང་སྦྲགས། ཆ་འཕྲིན་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ་ལས། ཁྲིམས་འགལ་གྱིས་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་། བེད་སྤྱོད། ལས་སྣོན། བརྒྱུད་གཏོང་བཅས་བྱས་མི་ཆོག་པ་དང་། ཁྲིམས་འགལ་གྱིས་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་ཉོ་ཚོང་དང་། འདོན་སྤྲོད་དམ་ཕྱིར་བསྒྲགས་བྱས་མི་ཆོག

    དྲ་བའི་རོལ་རྩེད་ཀྱི་ཐོ་གྲངས་བརྐུས་ན། བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན་ནམ།

    དྲ་བའི་རྟོག་བཟོའི་རྒྱུ་ནོར་ལ་རྒྱུ་ནོར་གྱི་ཁྱད་གཤིས་ལྡན་ཡོད་པ་དང་གལ་སྲིད་གནོད་འཚེ་ཕོག་ན། ཁྲིམས་ལྟར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན། ཉེ་བའི་ལོ་ཤས་རིང་། དྲ་སྦྲེལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་དྲ་བའི་རོལ་རྩེད་དབྱར་མཚོ་རྒྱས་པ་བཞིན་དུ་དར་སྲོལ་ཆེན་པོ་བྱུང་། དྲ་བའི་རོལ་རྩེད་ཀྱི་ཐོ་གྲངས་དང་དྲ་བའི་རོལ་རྩེད་ཀྱི་སྒྲིག་ཆས་སོགས་ལ་རོལ་རྩེད་མཁན་གྱིས་དུས་ཚོད་དང་ནུས་ཤུགས། མ་དངུལ་བཅས་བཏོན་པའི་དབང་གིས་བེད་སྤྱོད་རིན་ཐང་དང་བརྗེ་རེས་རིན་ཐང་ལྡན་པར་གྱུར་ནས་རྒྱུ་ནོར་གྱི་ངོ་བོ་ལྡན་ཡོད། དྲ་བའི་རོལ་རྩེད་ཐོ་གྲངས་དང་དྲ་བའི་རོལ་རྩེད་སྒྲིག་ཆས་རྣམས་བརྐུས་པའི་གནས་ཚུལ་ནི་རྟག་ཏུ་ཐོན་པ་ཡིན། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་བཅུ་གསུམ་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། དམངས་དོན་བྱེད་པོའི་རྒྱུ་ནོར་གྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་པ་ཡིན། དམངས་དོན་བྱེད་པོར་དབང་བའི་གཞི་གྲངས་དང་དྲ་བའི་རྟོག་བཟོའི་རྒྱུ་ནོར་ལ་ཁྲིམས་འགལ་གྱི་གནོད་འཚེ་ཕོག་པ་ཡིན་ན། བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།

    ལེའུ་དྲུག་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད།

    ཅི་ཞིག་ལ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཟེར། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཁྱད་ཆོས་གང་དག་ལྡན་ཡོད།

    དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཅེས་པ་ནི་དམངས་དོན་བྱེད་པོས་འདོད་བློ་སྟོན་པའི་ཐོག་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པ་དང་། སྒྱུར་བ། མཇུག་འགྲིལ་བ་བཅས་ཀྱི་བྱ་སྤྱོད་ལ་ཟེར། དེ་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཡོད་དེ།

    (1) དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་འདོད་བློ་སྟོན་པའི་བྱ་སྤྱོད་ཡིན་དགོས་པས་དམངས་དོན་བྱ་སྤྱོད་ཁོངས་སུ་ཚུད། འདོད་བློ་སྟོན་པ་ནི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཡིན། གལ་སྲིད་བཅའ་ཁྲིམས་བྱ་སྤྱོད་ཀྱིས་དམངས་དོན་བྱེད་པོས་སྔོན་དཔག་བྱེད་པའི་མཇུག་འབྲས་ཐོན་པ་དང་། དམངས་དོན་བྱེད་པོའི་འདོད་བློ་ལྟར་ཁོ་ཚོའི་དབར་གྱི་ཁེ་དབང་དང་འོས་འགན་འབྲེལ་བ་གཏན་འཁེལ་བྱེད་དགོས་ན། དམངས་དོན་བྱེད་པོས་ངེས་པར་དུ་རང་དབང་གིས་འདོད་བློ་སྟོན་དགོས་པ་མ་ཟད། འདོད་བློ་དེས་ཁྲིམས་ལྟར་དམངས་དོན་བྱེད་པོའི་དབར་གཅུན་འདོམས་ཀྱི་ནུས་པ་ཐོན་དགོས། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ཕྱོགས་གཉིས་པོའམ་ཕྱོགས་མང་པོའི་འདོད་བློ་སྟོན་པ་གཅིག་མཐུན་ཡིན་པ་གཞིར་བཞག་ཐོག་གྲུབ་ཆོག་ལ། ཕྱོགས་གཅིག་རྐྱང་གི་འདོད་བློ་སྟོན་པ་གཞིར་བཞག་ཐོག་ནས་གྲུབ་ཀྱང་ཆོག

    (2) དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་དམངས་དོན་བྱེད་པོས་དམངས་དོན་བཅའ་ཁྲིམས་མཇུག་འབྲས་ཐོན་པར་དམིགས་ཡུལ་དུ་བྱས་ནས་སྤེལ་བའི་བྱ་སྤྱོད་ཅིག་ཡིན་དགོས། དམངས་དོན་བྱེད་པོར་རང་བྱུང་མི་དང་ཁྲིམས་མི། ཁྲིམས་མི་མིན་པའི་རྩ་འཛུགས་བཅས་ཡོད། དམངས་དོན་བྱེད་པོ་ཁོ་ནས་སྤེལ་བའི་དམངས་དོན་བཅའ་ཁྲིམས་ཀྱི་མཇུག་འབྲས་ཐོན་ཐུབ་པའི་བྱ་སྤྱོད་ཡིན་ན། གཞི་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དགོས་པའི་དམིགས་ཡུལ་རང་བཞིན་ནི་སྒྲུབ་ཚོད་ཙམ་ཡིན་པས་དགོས་ངེས་ཀྱི་རང་བཞིན་མེད་པ་དང་དམངས་དོན་བྱེད་པོས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བར་དོན་གཉེར་བྱེད་པའི་བཅའ་ཁྲིམས་མཇུག་འབྲས་ཙམ་ཡིན་པ་ལས་སྐུལ་སློང་དེའི་ནང་དུ་མི་ཚུད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།