དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་རྩེ་རྫོང་ཁྲིམས་ཁང་གིས་ཁྲིམས་འཛིན་གྱི་རོགས་སྐྱོབ་དངུལ་སྒོར་ཁྲི་25གཅིག་སྡུད་ཐོག་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གྱི་རོགས་སྐྱོབ་དངུལ་གཅིག་སྡུད་ཐོག་སྤྲོད་པའི་མཛད་སྒོ་འཚོགས་ནས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་རེ་ཞུ་མཁན་19ལ་ཁྲིམས་འཛིན་གྱི་རོགས་སྐྱོབ་དངུལ་སྒོར་ཁྲི་25སྤྲད་པ་རེད།

    རོགས་སྐྱོབ་དངུལ་སྤྲོད་པའི་མཛད་སྒོར་ལག་བསྟར་ཁྲིམས་དཔོན་གྱིས་རོགས་སྐྱོབ་རེ་ཞུ་མཁན་གྱི་ཐོབ་ཐང་ཆ་འཕྲིན་དང་དཔང་རྟགས་དཔྱད་ཡིག་རེ་རེ་བཞིན་ཞིབ་བསྡུར་བྱས་ནས་གོ་རིམ་ལྡན་པའི་ངང་ཁྲིམས་འཛིན་རོགས་སྐྱོབ་ཀྱི་འགྲོ་ལུགས་གཉེར་བ་རེད།

    ད་ཐེངས་ཀྱི་རོགས་སྐྱོབ་དངུལ་སྤྲོད་ཡུལ་ནི་ངལ་རྩོལ་ཐོབ་ཆ་དང་། མི་ལུས་ལ་གནོད་འཚེ་ཕོག་པའི་སྐྱིན་གསབ། གསོ་རྟེན་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པ་ཤ་སྟག་རེད། རོགས་སྐྱོབ་རེ་ཞུ་མཁན་གྱི་ཁྲོད་ཁ་ཤས་ལ་ཁྲིམས་ལྟར་སྐྱིན་གསབ་མ་རག་པའི་རྐྱེན་གྱིས་འཚོ་བར་དཀའ་ངལ་འཕྲད་པ་དང་། ཁ་ཤས་ལ་དམངས་ཁྲོད་ཀྱི་དངུལ་བུན་མ་རག་པའི་རྐྱེན་གྱིས་འཚོ་བར་དཀའ་ངལ་འཕྲད་པ་ཤ་སྟག་རེད། རོགས་སྐྱོབ་དངུལ་སྤྲད་པ་དེས་ཁོང་ཚོར་གྲང་ངར་ཆེ་བའི་དགུན་དུས་སུ་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལོ་གསར་ཞིག་གཏོང་བར་ཁྲིམས་འཛིན་གྱི་དོ་ཁུར་ཐོབ་པ་དང་ཁོང་ཚོར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱས་པ་རེད།

    རོགས་སྐྱོབ་དངུལ་སྤྲོད་པའི་མཛད་སྒོར་རོགས་སྐྱོབ་རེ་ཞུ་མཁན་དམག་ཞབས་ཐིམ་པའི་དམག་མི་ཚེ་དབང་གིས། “ང་ནི་དམག་ཞབས་ཐིམ་པའི་དམག་མི་ཞིག་ཡིན། དམངས་ཁྲོད་ཀྱི་དངུལ་བུན་གཡར་བའི་རྩོད་གཞི་ལས་འཚོ་བར་དཀའ་ངལ་འཕྲད་བྱུང་། ད་ཐེངས་ཀྱི་ཁྲིམས་འཛིན་རོགས་སྐྱོབ་བརྒྱུད་རང་ཉིད་ལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་སྲིད་ཇུས་ལས་བྱུང་བའི་སྟབས་བདེ་དངོས་འབྲེལ་ལོངས་སྤྱོད་བྱེད་རྒྱུ་བྱུང་ལ། ཏང་དང་རྒྱལ་ཁབ་ཀྱིས་དམག་ཞབས་ཐིམ་པའི་དམག་མིར་ཐུགས་ཁུར་གནང་ལུགས་ཀྱང་ཟབ་མོ་ཚོར་བྱུང་། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད། རོགས་སྐྱོབ་རེ་ཞུ་མཁན་བསམ་གཏན་གྱིས། “2020ལོར་ས་ཆ་གཞན་གྱི་སྦྱིན་བདག་ཅིག་གིས་ལས་ཡུལ་དུ་ཨར་ལས་བྱེད་པར་གླས་ཀྱང་ད་བར་ངལ་རྩོལ་གྱི་ཐོབ་ཆ་གང་ཡང་རག་མ་བྱུང་། དེ་རིང་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་བརྒྱུད་ཁྲིམས་འཛིན་གྱི་རོགས་སྐྱོབ་དངུལ་རག་པ་ལས་ངའི་འཚོ་བའི་ཐད་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་སོང་། ངས་ཁྲིམས་དཔོན་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།