དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
ས་བཅད་གསུམ་པ། ཁེ་གཉེར་མིན་པའི་ཁྲིམས་མི།
56 ཁྲིམས་མི་ཁ་ཐོར་གཏོང་བའི་རྒྱུ་མཚན་གང་དང་གང་ཡོད།
ཁེ་གཉེར་ཁྲིམས་མིའི་མ་རྩ་གཏོང་མིས་མ་རྩ་གཏོང་མིའི་ཁེ་དབང་གང་བྱུང་དུ་སྤྱད་དེ་ཁྲིམས་མིའམ་མ་རྩ་གཏོང་མི་གཞན་དག་གི་ཁེ་ཕན་ལ་གནོད་རྐྱེན་བཟོས་མི་ཆོག མ་རྩ་གཏོང་མིའི་ཁེ་དབང་གང་བྱུང་དུ་སྤྱད་དེ་ཁྲིམས་མིའམ་མ་རྩ་གཏོང་མི་གཞན་དག་ལ་གྱོང་གུན་བཟོས་པ་ཡིན་ན། ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།
ཁེ་གཉེར་ཁྲིམས་མིའི་མ་རྩ་གཏོང་མིས་ཁྲིམས་མིའི་རང་ཚུགས་ཀྱི་གོ་གནས་དང་མ་རྩ་གཏོང་མིའི་ཚད་ཡོད་འགན་འཁྲི་གང་བྱུང་དུ་སྤྱད་དེ་ཁྲིམས་མི་བུན་བདག་གི་ཁེ་ཕན་ལ་གནོད་རྐྱེན་བཟོས་མི་ཆོག ཁྲིམས་མིའི་རང་ཚུགས་ཀྱི་གོ་གནས་དང་མ་རྩ་གཏོང་མིའི་ཚད་ཡོད་འགན་འཁྲི་གང་བྱུང་དུ་སྤྱད་དེ་བུན་འགན་གཡོལ་ཐབས་བྱས་པ་དང་། ཁྲིམས་མི་བུན་བདག་གི་ཁེ་ཕན་ལ་གནོད་རྐྱེན་ཚབས་ཆེན་བཟོས་པ་ཡིན་ན། ཁྲིམས་མིའི་བུན་འགན་ལ་ཞོར་འདྲུད་འགན་འཁྲི་འཁུར་དགོས།
57 ཅི་ཞིག་ལ་ཁེ་གཉེར་མིན་པའི་ཁྲིམས་མི་ཟེར། ཁེ་གཉེར་མིན་པའི་ཁྲིམས་མིར་རིགས་གང་དང་གང་ཡོད།
ཁེ་གཉེར་མིན་པའི་ཁྲིམས་མི་ཞེས་པ་ནི་སྤྱི་ཕན་གྱི་དམིགས་ཡུལ་ལམ་ཁེ་གཉེར་མིན་པའི་དམིགས་ཡུལ་གཞན་དག་གི་ཆེད་དུ་འཛུགས་པ་དང་། ཁེ་སྤོགས་གང་ཐོབ་མ་རྩ་གཏོང་མི་དང་། འཛུགས་མིའམ་ཁོངས་མི་བཅས་ལ་བགོ་བཤའ་མི་རྒྱག་པའི་ཁྲིམས་མི་ལ་ཟེར།
ཁེ་གཉེར་མིན་པའི་ཁྲིམས་མིའི་ཁོངས་སུ་བྱ་ལས་ཚན་པ་དང་། སྤྱི་ཚོགས་ཚོགས་པ། ཞལ་འདེབས་ཚོགས་པ(ཐེབས་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི)སོགས་ཚུད་ཡོད།
བྱ་ལས་ཚན་པའི་ཁྲིམས་མི་ཞེས་པ་ནི་ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་དགོས་མཁོ་དང་བསྟུན་པའི་ཆེད་དུ་འཛུགས་པའི་སྤྱི་ཕན་ཞབས་ཞུ་འདོན་སྤྲོད་བྱེད་པའི་བྱ་ལས་ཚན་པར་ཟེར། ཁྲིམས་ལྟར་ཐོ་འགོད་བྱས་ནས་བཙུགས་པ་ཡིན་ན། བྱ་ལས་ཚན་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན། ཁྲིམས་ལྟར་ཁྲིམས་མིའི་ཐོ་འགོད་བྱེད་མི་དགོས་པ་ཡིན་ན། བཙུགས་ཉིན་ནས་བཟུང་བྱ་ལས་ཚན་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན།
སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ཞེས་པ་ནི་ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང་། ཚོགས་མིའི་སྤྱི་མཐུན་གྱི་འདོད་མོས་གཞིར་བཞག་པ། སྤྱི་ཕན་དམིགས་ཡུལ་ལམ་ཚོགས་མིའི་སྤྱི་མཐུན་གྱི་ཁེ་ཕན་སོགས་ཁེ་གཉེར་མིན་པའི་དམིགས་ཡུལ་གྱི་ཆེད་དུ་འཛུགས་རྒྱུའི་སྤྱི་ཚོགས་ཚོགས་པར་ཟེར། སྤྱི་ཚོགས་ཚོགས་པ་དེ་ཁྲིམས་ལྟར་ཐོ་འགོད་བྱས་ནས་བཙུགས་པ་ཡིན་ན། སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན། ཁྲིམས་ལྟར་ན་ཁྲིམས་མིའི་ཐོ་འགོད་བྱེད་མི་དགོས་པ་ཡིན་ན། བཙུགས་ཉིན་ནས་བཟུང་སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན།
ཞལ་འདེབས་ཚོགས་པ་ཞེས་པ་ནི་ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང། སྤྱི་ཕན་དམིགས་ཡུལ་གྱི་ཆེད་དུ་ཞལ་འདེབས་ཕུལ་བའི་རྒྱུ་ནོར་གྱིས་འཛུགས་རྒྱུའི་ཐེབས་རྩ་ཚོགས་པ་དང་སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི་སོགས་ཀྱིས་ཁྲིམས་ལྟར་ཐོ་འགོད་བྱས་ནས་བཙུགས་ཤིང་ཞལ་འདེབས་ཁྲིམས་མིའི་ཐོབ་ཐང་ཐོབ་པར་ཟེར། ཁྲིམས་ལྟར་བཙུགས་པའི་ཆོས་ལུགས་བྱེད་སྒོ་སྤེལ་གནས་རྣམས་ཁྲིམས་མིའི་ཆ་རྐྱེན་འཛོམས་པ་ཡིན་ན། ཁྲིམས་མིའི་ཐོ་འགོད་བྱེད་པའི་རེ་འདུན་ཞུས་ནས་ཞལ་འདེབས་ཁྲིམས་མིའི་ཐོབ་ཐང་བླངས་ཆོག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཐད་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
58 ཞལ་འདེབས་འབུལ་མིར་ཁེ་དབང་གང་དང་གང་སྤྱོད་རྒྱུ་ཡོད།
ཞལ་འདེབས་འབུལ་མི་ཞེས་པ་ནི་ཞལ་འདེབས་ཁྲིམས་མིར་ཐོབ་ཆ་མི་དགོས་པར་ཞལ་འདེབས་བྱ་སྤྱོད་སྤེལ་བའི་བྱེད་པོ་ལ་ཟེར། ཞལ་འདེབས་འབུལ་མི་རང་བྱུང་མི་ཡིན་ཆོག་ལ་ཁྲིམས་མི་ཡང་ཡིན་ཆོག ཞལ་འདེབས་ཁྲིམས་མིས་ཚད་གཞི་ལྡན་པའི་སྒོ་ནས་བྱེད་སྒོ་སྤེལ་བར་འགན་སྲུང་བྱས་ནས་ཞལ་འདེབས་འབུལ་མིའི་འདོད་བློ་ལག་བསྟར་དོན་འཁྱོལ་ཡོང་བའི་ཆེད་དུ། ཞལ་འདེབས་འབུལ་མིར་ཁེ་དབང་གང་ཙམ་ཞིག་ཡོད་དགོས། 《དམངས་དོན་ཁྲིམས་གཞུང》གིས་ཞལ་འདེབས་འབུལ་མིར་ཁེ་དབང་གསུམ་སྤྲད་ཡོད་དེ།
(1)ཞལ་འདེབས་རྒྱུ་ནོར་བེད་སྤྱོད་དང་དོ་དམ་བྱེད་ཚུལ་འདྲི་རྩད་བྱེད་པའི་ཁེ་དབང་། ཞལ་འདེབས་ཁྲིམས་མི་ནི་ཞལ་འདེབས་འབུལ་མིས་མ་དངུལ་བཏོན་ནས་བཙུགས་པའི་དབང་གིས། ཞལ་འདེབས་རྒྱུ་ནོར་གྱི་བེད་སྤྱོད་དང་དོ་དམ་བྱེད་ཚུལ་དེ་ཞལ་འདེབས་འབུལ་མིས་སྔོན་ཚུད་གཏན་འཁེལ་བྱས་པའི་དམིགས་ཡུལ་དང་འགལ་བའི་གནས་ཚུལ་འབྱུང་བར་སྔོན་འགོག་བྱེད་ཆེད་ཞལ་འདེབས་འབུལ་མིར་ཞལ་འདེབས་རྒྱུ་ནོར་གྱི་བེད་སྤྱོད་དང་དོ་དམ་བྱེད་ཚུལ་ལ་རྒྱུས་ལོན་བྱེད་པའི་དབང་ཆ་ཡོད།
(2)ཞལ་འདེབས་རྒྱུ་ནོར་གྱི་བེད་སྤྱོད་བྱེད་སྟངས་དེ་ཞལ་འདེབས་འབུལ་མིས་སྔོན་ཚུད་གཏན་འཁེལ་བྱས་པའི་དམིགས་ཡུལ་དང་མཐུན་པའི་ཆེད་དུ་ཞལ་འདེབས་འབུལ་མིར་བསམ་འཆར་དང་གྲོས་འགོ་འདོན་པའི་དབང་ཆ་ཡོད། 《དགེ་བའི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཉིས་པའི་ནང་གཏན་འབེབས་བྱས་པ་ལྟར་ན། དགེ་བའི་རྩ་འཛུགས་ཀྱིས་ཞལ་འདེབས་གན་རྒྱའི་ནང་ཡིག་ཆད་བྱས་ཡོད་པའི་བེད་སྤྱོད་བྱེད་ས་དང་འགལ་ནས་གང་བྱུང་དུ་ཞལ་འདེབས་རྒྱུ་ནོར་སྤྱོད་པ་ཡིན་ན། ཞལ་འདེབས་འབུལ་མིར་ཡོ་བསྲང་བྱེད་དགོས་པའི་བླང་བྱ་འདོན་པའི་དབང་ཆ་ཡོད།
(3)ཞལ་འདེབས་འབུལ་མིར་མི་དམངས་ཁྲིམས་ཁང་ལ་ཞལ་འདེབས་ཁྲིམས་མིའི་ཁྲིམས་འགལ་གྱི་ཐག་བཅད་དག་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་འདོན་པའི་དབང་ཆ་ཡོད། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་གོ་བཞི་པའི་ནང་ཚན་གཉིས་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། ཞལ་འདེབས་ཁྲིམས་མིའི་ཇུས་གཅོད་སྒྲིག་གཞི་དང་ལག་བསྟར་སྒྲིག་གཞིའམ་དེའི་ཁྲིམས་བཀོད་འཐུས་ཚབ་པས་ཐག་གཅོད་བྱས་པའི་ལས་རིམ་དེ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ཁྲིམས་མིའི་སྒྲིག་ཡིག་བཅས་དང་འགལ་བའམ་ཐག་བཅད་ཀྱི་ནང་དོན་དེ་ཁྲིམས་མིའི་སྒྲིག་ཡིག་དང་འགལ་བ་ཡིན་ན། ཞལ་འདེབས་འབུལ་མི་སོགས་ཁེ་གྱོང་འབྲེལ་བ་ཡོད་མིའམ་གཙོ་གཉེར་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་ཐག་བཅད་དེ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུས་ཆོག ཡིན་ན་ཡང་ཞལ་འདེབས་ཁྲིམས་མིས་ཐག་བཅད་དེ་གཞིར་བཟུང་ནས་སེམས་བཟང་བལྟོས་བཅས་མི་དང་བྱུང་བའི་དམངས་དོན་བཅའ་ཁྲིམས་འབྲེལ་བར་ཤུགས་རྐྱེན་མི་ཐེབས་པ་ཡིན།
ས་བཅད་བཞི་པ། དམིགས་བསལ་ཁྲིམས་མི།
59 ཅི་ཞིག་ལ་དམིགས་བསལ་ཁྲིམས་མི་ཟེར།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་གོ་དྲུག་པའི་ནང་གཏན་འབེབས་བྱས་པ་ལྟར་ན། དམིགས་བསལ་ཁྲིམས་མི་ཞེས་པ་ནི་ལས་ཁུངས་ཀྱི་ཁྲིམས་མི་དང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི། གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི། གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མི་བཅས་ཀྱི་སྤྱི་མིང་ལ་ཟེར།
ལས་ཁུངས་ཀྱི་ཁྲིམས་མི་ཞེས་པ་ནི་ཁྲིམས་ལྟར་སྲིད་འཛིན་ཁེ་དབང་སྤྱོད་རྒྱུ་ཡོད་པ་དང་འགན་དབང་ལག་བསྟར་གྱི་དགོས་མཁོ་ལྟར་འོས་འཚམ་གྱི་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ལྡན་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཟེར། རང་ཚུགས་ཀྱི་གྲོན་དངུལ་ཡོད་པའི་ལས་ཁུངས་དང་སྲིད་འཛིན་གྱི་འགན་ནུས་འཁུར་བའི་ཁྲིམས་བཀོད་སྒྲིག་གཞི་ཡིན་ན་བཙུགས་ཉིན་ནས་བཟུང་ལས་ཁུངས་ཁྲིམས་མིའི་ཐོབ་ཐང་ཡོད་པ་ཡིན་ལ། འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་བྱེད་སྒོ་སྤེལ་ཆོག ལས་ཁུངས་ཁྲིམས་མི་ཕྱིར་འཐེན་བྱས་པ་ཡིན་ན། ཁྲིམས་མི་མཇུག་སྒྲིལ་བ་ཡིན་ལ། དེའི་དམངས་དོན་ཁེ་དབང་དང་འོས་འགན་ནི་ལས་རྒྱུན་འཛིན་མཁན་གྱི་ལས་ཁུངས་ཁྲིམས་མིས་སྤྱོད་ཅིང་འཁུར་དགོས་པ་དང། ལས་རྒྱུན་འཛིན་མཁན་གྱི་ལས་ཁུངས་ཁྲིམས་མི་མེད་ན། ཕྱིར་འཐེན་གྱི་ཐག་གཅོད་བྱེད་མཁན་ལས་ཁུངས་ཁྲིམས་མིས་སྤྱོད་ཅིང་འཁུར་དགོས།
གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མིའི་ཐོབ་ཐང་ཐོབ་ཡོད་ན། རང་ཚུགས་ཀྱིས་དམངས་དོན་བཅའ་ཁྲིམས་འབྲེལ་བའི་བྱེད་སྒོ་ནང་ཞུགས་ཆོག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཐད་ལ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མིའི་ཐོབ་ཐང་ཐོབ་ཡོད་ན། རང་ཚུགས་ཀྱིས་དམངས་དོན་བཅའ་ཁྲིམས་དང་འབྲེལ་བའི་བྱེད་སྒོའི་ནང་ཞུགས་ཆོག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཐད་ལ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ལ་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་ལ། འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་བྱེད་སྒོ་སྤེལ་ཆོག གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཙུགས་མེད་ན། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཚབ་བྱས་ནས་འགན་ནུས་བསྒྲུབ་ཆོག