དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་ལས་དོན་ཡག་པོ་བསྒྲུབས་པ།

    2023ལོར་ཆང་བཏུངས་འཁོར་གཏོང་བྱེད་སྤྱོད་801དང་ར་བཟི་འཁོར་གཏོང་བྱེད་སྤྱོད་392ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་མཚན་མོར་ཆང་བཏུངས་འཁོར་གཏོང་ལ་ཞིབ་བཤེར་བྱེད་བཞིན་པ།

    2023ལོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ལས་འཛོལ་ཉུང་གཏོང་དང་འགྲིམ་འགྲུལ་ཤར་གཏོང་འགན་ལེན”གྱི་ལས་ཀའི་གཙོ་གནད་ལ་དམ་པོར་དམིགས་ཏེ། ཁྲོམ་གཞུང་དུ“ཉེན་རྟོག་པ་མཐོང་ཚད་དང་ལས་ཀར་དོ་དམ་བྱེད་ཚད”ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། ལས་དོན་ཁག་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ནན་པོ་དང་ཞིབ་ཚགས་བྱེད་པ། འགྲིམ་འགྲུལ་སྒྲིག་ལམ་དོ་དམ་ལས་དོན་ཏན་ཏིག་བསྒྲུབས་པ། མཚན་མོར་ཆང་བཏུངས་འཁོར་གཏོང་ལ་ཞིབ་བཤེར་བྱེད་པའི་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་བཅས་བྱས་པས། ལོ་ཧྲིལ་པོར་ཆང་བཏུངས་འཁོར་གཏོང་བྱེད་སྤྱོད་ཁྱོན་801དང་ར་བཟི་འཁོར་གཏོང་བྱེད་སྤྱོད་ཁྱོན་392ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    1 ཆང་བཏུངས་འཁོར་གཏོང་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཁྲི་19ལ་ཞིབ་བཤེར་བྱས་པ།

    མཚན་གུང་གི་ལྷ་སའི་ཁྲོམ་གཞུང་གང་སར་འགྲིམ་འགྲུལ་ཉེན་རྟོག་པའི་གྲིབ་གཟུགས་མཐོང་རྒྱུ་ཡོད་ལ། ཁོང་ཚོས་གྲོང་མི་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་ལ་འགན་ལེན་བྱེད་བཞིན་ཡོད། “འགྲིམ་འགྲུལ་ཉེན་རྟོག་པས་ཉིན་མོ་འགྲིམ་འགྲུལ་ལམ་སྟོན་དང་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་སོགས་བྱེད་དགོས་ལ། དགོང་མོར་ད་དུང་ཆང་བཏུངས་འཁོར་གཏོང་གི་བྱེད་སྤྱོད་ལ་ཞིབ་བཤེར་བྱེད་དགོས་ཀྱི་ཡོད་པས། ཁོང་རྣམ་པ་དངོས་གནས་དཀའ་ལས་ཁག་པོ་རེད”ལྷ་སའི་གྲོང་མི་དགྲ་འདུལ་གྱིས“ད་ཆ་ཉེ་འགྲམ་གྱི་གྲོགས་པོ་མང་ཆེ་བས‘རླངས་འཁོར་བཏང་ཚེ་ཆང་རག་མི་འཐུང་བར’རང་འགུལ་ངང་ཆང་བཏུངས་འཁོར་གཏོང་གི་བྱེད་སྤྱོད་མི་ལྷག་པ་བྱེད་ཀྱི་ཡོད། སླད་ཕྱིན་ང་ཚོས་ཀྱང་མུ་མཐུད་འགྲོ་ལམ་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས། བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད་ཀྱི་ཡིན”ཞེས་བཤད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་དཔྱིད་རྨོད་དང་། སྟོན་བསྡུ། ཡུལ་སྐོར་བ་མང་དུས་སོགས་དུས་མཚམས་མི་འདྲ་བར་གཞིགས་ནས། ཆང་རག་བཏུངས་ནས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཐོན་པའི་ཆོས་ཉིད་དང་ལས་འཛོལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཨར་ཁང་དང་KTVསོགས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བའི་གནད་དོན་གཅིག་སྡུད་ཆེ་ས་དང་ཆང་རག་བཏུངས་རྗེས་ཁྲིམས་འགལ་བྱེད་སྤྱོད་ཐོན་མང་སའི་ལམ་དུམ་དང་ལམ་མདོ་གཙོ་གནད་བཅོས་སྒྲིག་ཁུལ་དུ་བརྩིས་ནས་ཆེད་དོན་བྱ་སྤྱོད་སྤེལ་བས། ཁྲིམས་འགལ་ངང་ཆང་བཏུངས་འཁོར་གཏོང་ཐད་སྟེས་དབང་གི་བསམ་པ་བཅངས་མཁན་ཁ་ལོ་བ་ཟིལ་གྱིས་མནན་ནས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་ཁོར་ཡུག་གཙང་སེལ་ནུས་ལྡན་བྱས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉེན་རྟོག་པ་མི་ཐེངས་ཁྲི་1ལྷག་ཙམ་དང་ཉེན་རྟོག་པའི་རླངས་འཁོར་ཐེངས་5000ལྷག་ཙམ་བཏང་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་ཁྲི་19ལྷག་ཙམ་ལ་ཞིབ་བཤེར་དང་། ཆང་བཏུངས་འཁོར་གཏོང་བྱེད་སྤྱོད་801དང་། ར་བཟི་འཁོར་གཏོང་བྱེད་སྤྱོད་392 ཁྲིམས་འགལ་བྱེད་སྤྱོད་གཞན་དག་2675བཅས་ལ་ཞིབ་བཤེར་ཐག་གཅོད་བྱས་པས། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།

    2 གློག་སྒུལ་སྦག་སྦག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། གློག་སྒུལ་སྦག་སྦག་13581ལ་འཁོར་རྟགས་བསྒར་བ།

    ལྷ་ས་གྲོང་ཁྱེར་གྱི་ལམ་ལྔ་མདོ་ཁར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་གློག་སྒུལ་སྦག་སྦག་ཞིག་བཀག་ནས་གློག་སྒུལ་སྦག་སྦག་གཏོང་མཁན་ལ་རྨོག་ཞྭ་གྱོན་པའི་གལ་ཆེའི་རང་བཞིན་གསལ་བཤད་བྱས་པ་མ་ཟད། ཁོ་མོར་རྨོག་ཞྭ་གྱོན་དུ་བཅུག་པ་རེད། གློག་སྒུལ་སྦག་སྦག་གཏོང་མཁན་ཚེ་རིང་ཆོས་སྒྲོན་གྱིས་གསར་འགོད་པར“དེ་རིང་ང་ཁྱིམ་ནས་ཐོན་དུས་བྲེལ་འཚུབ་བྱས་པས། རྨོག་ཞྭ་གྱོན་ཁོམ་མ་བྱུང་། འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ངས་གློག་སྒུལ་སྦག་སྦག་གཏོང་སྐབས་ངེས་པར་དུ་རྨོག་ཞྭ་ཡག་པོ་གྱོན་གྱི་ཡིན”ཞེས་བཤད།

    2023ལོར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གཙོ་འགན་གཙོ་ལས་ལ་གཞི་ཚུགས་ནས་ཐོག་མཐའ་བར་གསུམ་དུ་དམངས་ལ་ཕན་པ་དང་སྟབས་བདེ་བསྐྲུན་རྒྱུ་འགོ་འཛུགས་སར་བྱས་ཏེ། མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱས་ནས་གློག་སྒུལ་སྦག་སྦག་གི་ཐོ་འགོད་ཞབས་ཞུའི་ས་ཚིགས་ཀྱི་དྲ་ཚིགས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། གློག་སྒུལ་སྦག་སྦག་གི་ཐོ་འགོད་ལས་སྒོ་ཁག་དུས་གཅིག་ཏུ་སྤེལ་བ་དང་འབྲེལ། གློག་སྒུལ་སྦག་སྦག་ལ་འབྱུང་རྩ་ནས་དོ་དམ་བྱེད་པར་ཤུགས་སྣོན་དང་། སྒྲིག་འགལ་གྱི་ཕྱིར་ཚོང་བྱེད་སྤྱོད་འབྱུང་རྩ་ནས་བཀག་འགོག ཚད་བརྒལ་གྱི་གློག་སྒུལ་སྦག་སྦག་ཁྲོམ་རར་འདོན་རྒྱུ་གཏན་འགོག་བཅས་བྱས་ནས། ཚོང་དུད་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པའམ་ཡང་ན་3Cཡི་ཁས་ལེན་དང་མི་མཐུན་པའི་གློག་སྒུལ་སྦག་སྦག་ཐོན་སྐྱེད་དང་ཕྱིར་ཚོང་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ནས། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ལོ་ཧྲིལ་པོར་རྒྱལ་ཁབ་ཀྱི་ཐོན་སྐྱེད་ཚད་གཞི་ལོན་པའི་གློག་སྒུལ་སྦག་སྦག་ཐོ་འགོད་ལས་སྒོ་ཁྱོན་13581གཉེར་བ་དང་། གཞན་ཡང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“རྨོག་གཅིག་ཁུལ་གཅིག”གི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་དང་ཟུང་འབྲེལ་གྱིས་སློབ་གསོ་གཙོ་བོར་བྱེད་པ་དང་ཆད་གཅོད་ཕལ་པར་བྱེད་པའི་རྩ་དོན་ལ་གཞིགས་ནས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གློག་སྒུལ་སྦག་སྦག་གཏོང་སྐབས་རྨོག་ཞྭ་མི་གྱོན་པ་དང་གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པ་སོགས་ཀྱི་འགྲིམ་འགྲུལ་ཟང་ཟིང་གི་སྣང་ཚུལ་ལ་བཅོས་སྒྲིག་བྱས་ཤིང་། མིག་སྔར། གྲོང་ཁྱེར་ཡོངས་སུ་རྨོག་ཞྭ་གྱོན་ཚད་83.3%ཟིན་ཡོད་པ་རེད།

    3“གློད་སྡོམ་ཞབས་གསུམ”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རླངས་འཁོར་དང་ཁ་ལོ་བའི་ལས་སྒོ་ཁྲི་62.9གཉེར་བ།

    “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས་ཞབས་ཞུའི་བརྒྱུད་རིམ་སྔར་བས་ལེགས་སུ་བཏང་སྟེ་ལས་སྒྲུབ་ལས་ཕྱོད་ཆེ་རུ་བཏང་བ་རེད། གྲོང་མི་ཚའོ་ཅུན་གྱིས་གསར་འགོད་པར“ངའི་ཁ་ལོ་བའི་ལག་ཁྱེར་དུས་ཚོད་ཐིམ་གྲབས་འདུག ད་ཆ་གཟུགས་པོར་བརྟག་དཔྱད་བྱས་ནས་འགྲིམ་འགྲུལ་དོ་དམ་གྱི12123Appཐོག་འབྲེལ་ཡོད་ཡིག་ཆ་བསྐྱལ་ན་ལག་ཁྱེར་བརྗེ་ཆོག་ལ་ལག་ཁྱེར་གསར་པ་ཐད་ཀར་ཁྱིམ་དུ་བསྐུར་གྱི་འདུག་པས། དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་བཤད།

    2023ལོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འབྱུང་རྩའི་དོ་དམ་ལས་དོན་ཧུར་ཐག་བསྒྲུབས་ནས། ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་དོ་དམ་བྱ་ཐབས་གསར་གཏོད་བྱས་ཏེ། རྒྱལ་ཡོངས་དང་དུས་མཉམ་དུ“གློད་སྡོམ་ཞབས་གསུམ”གྱི་དམངས་ཕན་བྱ་ཐབས་ཁྱབ་གདལ་བཏང་ནས། ལྗོངས་ཡོངས་ཀྱི་C6གི་ཁ་ལོ་བའི་ལག་ཁྱེར་གྱི་ཡིག་རྒྱུགས་གཏོང་ས་ཐོག་མ་འཛུགས་སྐྲུན་དང་སྤྱོད་པར་སྐུལ་འདེད་བཏང་བ་དང་འབྲེལ། རླངས་འཁོར་དང་ཁ་ལོ་བར་དོ་དམ་བྱེད་པའི་ལས་སྒོའི་འགྲོ་ལུགས་གཉེར་བའི་གོ་རིམ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་པ་རེད། 2023ལོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས་ཁྱོན་ལས་སྒོ་ཁག་ཁྲི་62.9ལྷག་ཙམ་གཉེར་བ་དང་། གྲོང་ཁྱེར་ཡོངས་སུ་ཉིན་རེར་ཆ་སྙོམས་ཁ་ལོ་བའི་ཡིག་རྒྱུགས་གཏོང་མཁན་མི་ཐེངས་1400ལྷག་ཙམ་ཟིན་པ་དང་ཉིན་རེར་ཆ་སྙོམས་ལས་སྒོ་གཉེར་མཁན་མི་ཐེངས་2500ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་13%འཕར་བ། ཐོ་འགོད་ཞབས་ཞུའི་ས་ཚིགས་དང་འགྲིམ་འགྲུལ་དོ་དམ་གྱི་12123གྱི་དྲ་སྦྲེལ་ལས་སྒོ་34%འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།