ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་ཁ་བསླུས་ཀྱི་དོགས་ཡོད་ཉེས་ཅན་པ་26བཟུང་བ་དང་གློག་འཕྲིན་ཁ་བསླུས་གྱོད་གཞི་16རྩད་བཅད་པ།
2023ལོར་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་རྡུང་རྡེག་ལས་དོན་སྤེལ་འགོ་ཚུགས་པ་དང་འགོག་རྡུང་མཉམ་འཛིན་མཐའ་འཁྱོངས་བྱས་ནས། གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལག་ལེན་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ལ་མུ་མཐུད་རྡུང་རྡེག་ཚ་ནན་བཏང་ཡོད། ལོ་གཅིག་གི་རིང་ཆེད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ཞིང་ཆེན་དང་། གྲོང་ཁྱེར། ས་ཁུལ་བཅས་20ལྷག་ཙམ་དུ་བསྐྱོད་ནས་གློག་འཕྲིན་ཁ་བསླུས་ཀྱི་དོགས་ཡོད་ཉེས་ཅན་པ་26བཟུང་བ་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་16རྩད་བཅད་པ་རེད།
བྲག་གཡབ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། སྔ་རྗེས་སུ་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་བདུན་འཚོགས་པ་དང་བསླུ་འགོག་ཁོངས་མིའི་མཉམ་འབྲེལ་ཚོགས་འདུ་ཐེངས་1འཚོགས་པ་མ་ཟད། དུས་མཚམས་གཉིས་སུ་ཕྱེ་ནས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པའི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ། ཆེད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པ་14ཡིས་སྔ་རྗེས་སུ་དུས་ཡུན་ཟླ་བ་5ཡི་རིང་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གློག་འཕྲིན་ཁ་བསླུས་གྱོད་གཞིར་རྡུང་རྡེག་གཏོང་བ་དང་མྱུལ་ཞིབ་ཐག་གཅོད་ཀྱི་ལས་དོན་སྤེལ་བ་རེད།
བྲག་གཡབ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་མ་ལག་བཅོས་སྒྲིག་དང་། ཁྲིམས་ལྟར་བཅོས་སྒྲིག འབྱུང་རྩ་ནས་བཅོས་སྒྲིག་བཅས་མཐའ་འཁྱོངས་ཀྱིས། གོང་འོག་སྦྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྒྱུན་འཁོར་ཧྲིལ་པོ་དང་ཕྱོགས་ཚང་མ་ནས་རྡུང་རྡེག་བཏང་སྟེ། ཆེད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པ་སྔ་རྗེས་སུ་ཧྲའན་ཤིས་དང་། ཧོ་པེ། ཧུའུ་ནན། ཡུན་ནན། ལེའོ་ཉིང་། ཐེན་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་20ལྷག་ཙམ་དུ་བཏང་བ་དང་ལམ་ཐག་སྤྱི་ལེ་ཁྲི་6ལྷག་ཙམ་བསྐྱོད་ནས་ནུས་ཤུགས་ཡོད་རྒུས་གྱོད་གཞི་མྱུལ་ཞིབ་ཐག་གཅོད་དང་ཕོག་པའི་གྱོང་གུན་ཚུར་འདེད་བྱས་ཡོད། ཁྱོན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་འབྲེལ་དོགས་ཡོད་ཉེས་ཅན་པ་26བཟུང་བ་དང་ཁ་བསླུས་དང་འབྲེལ་བའི་ཉེས་གསོག་དོགས་ཡོད་མི་སྣར་ཁག་ཁྱེར་འདྲི་སྒུག་བྱས་ནས་མི་6ལ་ཉེས་དོན་གྱི་བཙན་ཤེད་བྱེད་ཐབས་སྤྱད་པ་དང་། མི་8ལ་སྲིད་འཛིན་ཆད་པ་བཅད་པ། གློག་འཕྲིན་ཁ་བསླུས་གྱོད་གཞི་13རྩད་ཆོད་པ་རེད། གཅེར་མོལ་རིགས་ཀྱི་བསྙད་འདོགས་རྒྱུ་འཕྲོག་གི་གྱོད་གཞིར་མྱུལ་ཞིབ་དང་རྡུང་རྡེག་བཏང་ནས། གཅེར་མོལ་རིགས་ཀྱི་བསྙད་འདོགས་རྒྱུ་འཕྲོག་གི་གྱོད་འབྲེལ་དོགས་ཡོད་ཉེས་ཅན་པ་5བཟུང་ནས་མི་4ལ་སྲིད་འཛིན་ཆད་པ་བཅད་པ་དང་གཅེར་མོལ་རིགས་ཀྱི་བསྙད་འདོགས་རྒྱུ་འཕྲོག་གི་གྱོད་གཞི་3རྩད་ཆོད་ཡོད། མགོ་སྐོར་ཐེབས་པའི་མང་ཚོགས་20ལ་ཁ་བསླུས་བརྒྱབ་པའི་མ་དངུལ་སྒོར་813577ཚུར་འདེད་བྱས་པ་མ་ཟད། དུས་འགོའི་ཚུར་འདེད་མ་དངུལ་རྣམས་གཅིག་སྡུད་ཐོག་ཕྱིར་སློག་ཀྱང་བྱས་པ་རེད།
གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གི་རིགས་དང་། བྱེད་ཐབས། ཁ་གཏད། དུས་མཚམས་སོགས་ཀྱི་ཁྱད་ཆོས་གཞིར་བཟུང་། བྲག་གཡབ་རྫོང་སྤྱི་བདེ་ཅུས་བསླུ་འགོག་ལྟེ་གནས་ཀྱིས་ཟླ་བ་རེར་དུས་བཀག་ནང་ཉེས་གསོག་གི་ཆོས་ཉིད་དབྱེ་ཞིབ་དང་། གློག་འཕྲིན་གཉེར་སྐྱོང་ཚོང་པ་དང་ཚོང་ལས་དངུལ་ཁང་གིས་ཁ་པར་གཱ་དང་དངུལ་ཁང་གཱ་ཡི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་ཐོ་འགོད་དོ་དམ་སྒྲིག་སྲོལ་དོན་འཁྱོལ་ནན་པོ་བྱས་མིན་ལ་ལྟ་སྐུལ་བྱས་ཏེ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རིམ་གསུམ་ཉེན་ཁའི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་ལམ་སྲོལ་བཙུགས་པ་རེད། 2023ལོར་རིམ་རྩིས་བྱས་ན་མི་ཐེངས་900ལྷག་ཙམ་ལ་བསླུ་འགོག་ཉེན་ཟོན་གྱི་ཁ་པར་བརྒྱབ་པ་དང་། མི་ཐེངས་30ལྷག་ཙམ་ལ་ཐུག་འཕྲད་བྱས་ནས་བསླུ་འགོག་ཉེན་ཟོན་གྱི་ཤེས་བྱ་བཤད་པ། མི་3ལ་མགོ་སྐོར་འོག་མི་ཚུད་པའི་ཁ་ཏ་བསླབ་བྱ་བྱས་ནས། རིམ་དབྱེ་རིགས་དབྱེ་དང་སྔོན་འགོག་དང་ཚོད་འཛིན་གནད་སྨིན་གྱི་དམིགས་ཚད་མངོན་འགྱུར་བྱུང་སྟེ། མི་དམངས་མང་ཚོགས་ཀྱི“དངུལ་ཁུག”ཡག་པོ་བསྲུངས་པ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། གོམ་སྟབས་རྗེས་མར། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ནུས་པའི་ཆུ་ཚད་དང་ལས་ཀའི་ཕྲན་འབྲས་སྔར་བས་ཆེ་རུ་བཏང་ནས། གྱོད་གཞི་ཐོན་སླ་བའི་རྣམ་པ་མཐའ་གཅིག་ཏུ་གཏན་འགོག་གིས། བྲག་གཡབ་རྫོང་མི་དམངས་མང་ཚོགས་ཀྱི“དངུལ་ཁུག”ཡག་པོ་བསྲུངས་ནས། ཆུ་ཚད་དེ་བས་མཐོ་བའི་བཀྲ་ཤིས་པའི་བྲག་གཡབ་རྫོང་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།