དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲོམ་རའི་བྱེད་པོས་གཉེར་སྐྱོང་བྱེད་མཚམས་བཞག་ནས་སྟོབས་ཤུགས་གསོ་བར་སྐུལ་འདེད་བཏང་བ།

    ལྷ་ས་གྲོང་ཁྱེར་གྱིས་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་ཐེངས་དང་པོ་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-16

    འདི་ནི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་པས་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་ལས་སྒོ་གཉེར་བཞིན་པ།

    ཉེ་ཆར། སྣེའུ་ཡུན་ཧྲང་ཇ་ཁང་གི་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་ལེགས་སྒྲུབ་བྱུང་ཞིང་། འདི་ནི《བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་དོ་དམ་བྱེད་ཐབས(ཚོད་བལྟ)》ལག་བསྟར་བྱས་ཚུན། ལྷ་ས་གྲོང་ཁྱེར་གྱི་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་བྱེད་མཁན་ཐོག་མ་ཡིན་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲོམ་རའི་བྱེད་པོ་ཁྲོམ་ར་ནས་དོན་པའི་བརྒྱུད་རིམ་དང་ཐོ་སུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་ཆབས་ཅིག གཉེར་སྐྱོང་མཚམས་འཇོག་ཐོ་འགོད་ལམ་ལུགས་དོན་འཁྱོལ་ཧུར་ཐག་བྱས་ནས། ཁྲོམ་རའི་བྱེད་པོ་ཁྲོམ་རར་འདོན་ཐུབ་ལ་ཕྱིར་ཡང་དོན་ཐུབ་པར་བྱས་ཡོད།

    ① གཉེར་སྐྱོང་མཚམས་འཇོག་ཐོ་འགོད་བྱས་པ་ལས་ཁྲོམ་རའི་བྱེད་པོར་བར་ཆོད་ཁུལ་བཏོད་པ།

    ཁྲོམ་རའི་བྱེད་པོའི་ཞུགས་འཐུས་ཚད་གཞི་དམའ་རུ་བཏང་བ་དང་བསྟུན། དམངས་ཀྱིས་བྱ་གཞག་གཏོད་པའི་ཧུར་སེམས་རྒྱུན་ཆད་མེད་པར་འཕེལ་ནས་ཁྲོམ་རའི་བྱེད་པོའི་གྲངས་འབོར་མགྱོགས་མྱུར་འཕར་ཡང་། ཁྲོམ་རའི་བྱེད་པོ་ཁ་ཤས་ལ་གཉེར་སྐྱོང་བྱེད་པའི་མ་དངུལ་འཁོར་རྒྱུག་དཀའ་བ་དང་གཉེར་སྐྱོང་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་འཕྲད་ཡོད། ཁྲོམ་རའི་བྱེད་པོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཁྲོམ་རའི་ཡིད་ཆེས་འཕེལ་བར་བྱ་ཆེད། 2023ལོར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་དོ་དམ་བྱེད་ཐབས(ཚོད་ལྟ)》བཀྲམ་ནས། ལྗོངས་ཡོངས་སུ་ཁེ་ལས་ཀྱི་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་ལམ་ལུགས་ལག་བསྟར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་བྱུང་གནོད་འཚེ་དང་། ལས་འཛོལ་གྱི་གནོད་འཚེ། སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན། སྤྱི་ཚོགས་བདེ་འཇགས་དོན་རྐྱེན་སོགས་ཀྱིས་རྐྱེན་པས་གཉེར་སྐྱོང་བྱེད་དཀའ་བའི་ཁྲོམ་རའི་བྱེད་པོས་དུས་སྐབས་ངེས་ཅན་ནང་གཉེར་སྐྱོང་བྱེད་མཚམས་འཇོག་རྒྱུ་རང་ཐག་རང་གཅོད་བྱེད་ཆོག གཉེར་སྐྱོང་བྱེད་མཚམས་འཇོག་ཡུན་རིང་ཤོས་ལ་ལོ་གསུམ་རེ་ཞུ་བྱེད་ཆོག ཉེ་ཆར། སྣེའུ་ཡུན་ཧྲང་ཇ་ཁང་གིས་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་ལེགས་སྒྲུབ་བྱུང་ཞིང་། འདི་ནི《བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་དོ་དམ་བྱེད་ཐབས(ཚོད་ལྟ》ལག་བསྟར་བྱས་ཚུན། ལྷ་ས་གྲོང་ཁྱེར་གྱི་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་བྱེད་མཁན་ཐོག་མ་དེ་ཡིན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། སྣེའུ་ཡུན་ཧྲང་ཇ་ཁང་ལ་གནས་སྐབས་དཀའ་ངལ་འཕྲད་རྐྱེན་ཐག་གཅོད་བྱེད་པར་དུས་ཚོད་ངེས་ཅན་མཁོ་མོད། ཡིན་ན་ཡང་བྱེད་པོའི་ཐོ་སུབ་འདོད་མེད་པས་སྣེའུ་ཡུན་ཧྲང་ཇ་ཁང་གི་འགན་འཁུར་བ་ཧྲི་ཆེ་གེ་མོས་ཁྲོམ་ར་ལྟ་འདོམས་སྡེ་ཚན་དུ་ཡོང་ནས་བྱེད་པོའི་འོས་ཐོབ་མུ་མཐུད་སོར་ཉར་བྱེད་ཐབས་ཡོད་མེད་སྐོར་བློ་འདྲི་ཞུས་པ་རེད། ལས་དོན་པའི་མཛུབ་ཁྲིད་འོག ཧྲི་ཆེ་གེ་མོས་སྐར་མ་10ནང་འབྲེལ་ཡོད་འགྲོ་ལུགས་བསྒྲུབས་ཚར་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་སྲིད་འཛིན་ཞིབ་མཆན་ཁོའོ་ཡི་ཁོའོ་ཀྲང་ཆི་ནན་གྱིས། གཉེར་སྐྱོང་མཚམས་འཇོག་ཐོ་འགོད་བྱེད་པ་ནི“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་སྔར་བས་ཟབ་ཏུ་དང་ཚོང་གཉེར་ཁོར་ཡུག་སྔར་བ་ལེགས་སུ་གཏོང་བའི་བྱེད་ཐབས་གཞན་ཞིག་ཡིན་ལ། འདིའི་དམིགས་ཡུལ་ནི་ཁྲོམ་རའི་འདོད་མོས་དང་ནུས་པ་ཅུང་ཆེན་པོ་ལྡན་ཡང་གཉེར་སྐྱོང་བྱེད་པར་དཀའ་ངལ་འཕྲད་པའི་ཁྲོམ་རའི་བྱེད་པོ་ཁག་ལ་བར་ཆོད་རང་བཞིན་གྱི་ལམ་ལུགས་ཏེ་ཐོ་སུབ་དང་རྒྱུན་ལྡན་ལས་གཉེར་བར་མཚམས་ཀྱི་གདམ་ག་གསུམ་པ་དེ་མཁོ་འདོན་བྱས་ནས། ཁྲོམ་རའི་བྱེད་པོ་ཁག་ལ་སྔར་བས་ལུགས་མཐུན་དང་ཟད་གྲོན་དེ་བས་ཆུང་བའི་འཚོ་གནས་བྱེད་ཐབས་ལྡན་པར་བྱེད་པ་དང་ཆབས་ཅིག སྲིད་གཞུང་གིས་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པ་དང་དེ་བཞིན་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་བཏོན་པར་ལམ་ལུགས་ཀྱི་རྨང་གཞི་མཁོ་འདོན་བྱས་ཏེ། དཀའ་ངལ་ཡོད་པའི་ཁྲོམ་རའི་བྱེད་པོ་ཁག་ལ་དུས་ཡུན་ཐུང་ངུའི་རིང་གཉེར་སྐྱོང་བྱེད་མཚམས་བཞག་ནས་སྟོབས་ཤུགས་གྲབས་གསོག་བྱེད་དུ་བཅུག་སྟེ། སླར་ཕྱིན་གཉེར་སྐྱོང་སྔར་བས་ལེགས་པ་ཐུབ་ཆེད་ཡིན་ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། མིག་སྔར་གཉེར་སྐྱོང་མཚམས་འཇོག་ཐོ་འགོད་བྱེད་པར་སྔོན་ནས་མངཌ་མི་དགོས་པར་ག་དུས་བསླེབས་ན་དེ་དུས་སྒྲུབ་ཐུབ་ཀྱི་ཡོད་པ་དང་། རེ་ཞུའི་དཔྱད་གཞི་ཆ་ཚང་ཞིང་ཁྲིམས་གཏན་འཁེལ་བའི་རྣམ་པ་དང་མཐུན་པའི་ཁྲོམ་རའི་བྱེད་པོ་ཡིན་ཚེ་ལམ་སེང་ཐོ་འགོད་བྱེད་ཐུབ་ཀྱི་ཡོད་པ་རེད།

    ② ཐོ་སུབ་ཐོ་འགོད་སྟབས་བདེ་རུ་བཏང་བ་ལས་ཕྱིར་དོན་པའི་འཇུར་མིག་བསལ་བ།

    ཉེ་བའི་ལོ་ཤས་རིང་། “གློད་སྡོམ་ཞབས་གསུམ”དང“ཐེངས་གཅིག་ལ་སྒྲུབ་པའི”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྦྲགས། ལྷ་ས་གྲོང་ཁྱེར་གྱི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ནས་ཁྲོམ་རའི་བྱེད་པོའི་ཐོ་འགོད་གྲངས་འབོར་ལོ་རེ་བཞིན་མང་དུ་ཕྱིན་ཞིང་། རིམ་རྩིས་བྱས་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་ཁྲོམ་རའི་བྱེད་པོ་ཁྲི་17ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་14.9%འཕར་ཡོད། དེ་དང་ཆབས་ཅིག ཁྲོམ་རའི་བྱེད་པོ་མི་ཉུང་བ་ཞིག་ལས་སྒོ་གཉེར་མཚམས་བཞག་པའི་དབང་གིས་ཁྲོམ་ར་ནས་བདེ་བླག་ངང་དོན་ཐུབ་པ་བྱེད་དགོས་ཀྱི་ཡོད། དེར་བརྟེན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《ཁྲོམ་རའི་བྱེད་པོ་ཐོ་འགོད་དོ་དམ་སྲོལ་ཡིག》དང《སྒེར་གཉེར་ཚོང་དུད་འཕེལ་རྒྱས་གཏོང་བའི་སྲོལ་ཡིག》ལག་བསྟར་ཏན་ཏིག་བྱས་པའི་ཐོག ཁྲོམ་རའི་བྱེད་པོ་དོན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་ཀའི་བླང་བྱ་ལྟར། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཁེ་ལས་དང་སྒེར་གཉེར་ཚོང་དུད་ལ་ཐོ་སུབ་རྒྱུ་སྟབས་བདེ་ཡོང་བའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། “གྲངས་གཞིར་བརྟེན་ནས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་མི་དགོས་པ”གང་ཐུབ་བྱས་པས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ནས“ཐེངས་གཅིག་ལ་སྒྲུབ་པ”མངོན་གྱུར་བྱུང་ཡོད།

    ཆི་ནན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁེ་ལས་ཀྱི་ཐོ་སུབ་རྒྱུ་སྟབས་བདེ་ཡོང་བར་སྐུལ་འདེད་གཏོང་བའི་ཐད། ཁེ་ལས་ཀྱིས《ཁེ་ལས་ཀྱི་ཐོ་སུབ་ཐོ་འགོད་རེ་ཞུ》དང་། 《མ་འཇོག་བྱེད་མཁན་ཡོངས་ཀྱི་ཁག་ཐེག་ཡི་གེ》 ལས་གཉེར་ལག་ཁྱེར་གྱི་མདུན་ཤོག་དང་ནང་ཤོག་བཅས་སྤྲད་ན་འགྲིག་པ་མ་ཟད། སྤྱི་བསྒྲགས་བྱེད་པའི་དུས་ཚོད་དེ་ཉིན་45ནས་ཉིན་20བར་ཐུང་དུ་བཏང་ཡོད། སྤྱི་བསྒྲགས་དུས་ཚོད་ཐིམ་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་བསམ་འཆར་གཞན་བཏོན་མེད་ཚེ། ཁེ་ལས་ཀྱི་རེ་ཞུ་ལྟར་གློག་རྡུལ་ལས་གཉེར་ལག་ཁྱེར་ལ་མིང་རྟགས་འགོད་པ་དང་། རང་བྱུང་མིའི་ཐོབ་ཐང་ར་སྤྲོད། མིང་རྟགས་འགོད་པ་བཅས་དང་ཟུང་འབྲེལ་བྱས་ཏེ་ཁེ་ལས་ཀྱིས་དྲ་ཐོག་ནས་ཐོ་སུབ་པར་སྟབས་བདེ་བསྐྲུན་ཏེ། ཁེ་ལས་དོན་པའི་ཐབས་ལམ་ཤར་གཏོང་ཏན་ཏིག་ཐུབ་ནས་ཁེ་ལས་དོན་དཀའ་བའི་འཇུར་མིག་བསལ་ཡོད།

    སྒེར་གཉེར་ཚོང་དུད་ཀྱི་ཐོ་སུབ་ཐོ་འགོད་སྟབས་བདེ་ཡོང་བའི་ཐད། སྒེར་གཉེར་ཚོང་དུད་ཀྱིས་ཁག་ཐེག་ཡི་གེ་སྤྲོད་མི་དགོས་ལ། སྤྱི་བསྒྲགས་ཀྱང་བྱེད་མི་དགོས་པ་མ་ཟད། 《དཔྱ་ཁྲལ་གཙང་འཇལ་ངོ་སྤྲོད》ཀྱང་སྤྲོད་དགོས་ཀྱི་མེད་པར“བོད་ལྗོངས་ཁྲོམ་ར་ལྟ་འདོམས་སྲིད་དོན་ཞབས་ཞུའི”ལས་སྟེགས་སུ་ཐོ་སུབ་པའི་རེ་ཞུ་བསྐྱལ་ཚེ་འབྲེལ་ཡོད་ཆ་འཕྲིན་དེ་ཉིན་གཅིག་ནང་རིམ་མཚུངས་དཔྱ་ཁྲལ་སྡེ་ཚན་ལ་བསྐྱལ་བ་དང་། དཔྱ་ཁྲལ་སྡེ་ཚན་གྱིས་ཉིན་བཅུའི་ནང་ཚུར་ལན་བསམ་འཆར་སྤྲོད་རྒྱུ་རེད། དཔྱ་ཁྲལ་སྡེ་ཚན་གྱིས་བསམ་འཆར་མེད་རིགས་ལ་ཐོ་འགོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཐོ་སུབ་ཐོ་འགོད་བྱེད་རྒྱུ་མ་ཟད། སྒེར་གཉེར་ཚོང་དུད་ཀྱིས་ཐོ་སུབ་ཐོ་འགོད་སྟབས་བདེར་གཏོང་རྒྱུ་དེ“ཚང་མ་དྲ་ཐོག་ནས་བསྒྲུབས”ཏེ་ཁྱིམ་ནས་ཕྱིར་དོན་མི་དགོས་པར་འགྲོ་ལུགས་གཉེར་ཐུབ་པས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་མྱོང་ཚོར་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད།

    མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་ཁྲོམ་རའི་བྱེད་པོ་སྣ་ཚོགས་12650ཡི་ཐོ་སུབ་པའི་ཁྲོད་བྱེད་པོ་493ལ་ཐོ་སུབ་ཐོ་འགོད་སྟབས་བདེར་བཏང་སྟེ་ཁྲོམ་ར་ནས་དོན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།