དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས།

    《དམངས་དོན་ཁྲིམས་གཞུང》ལག་ལེན་བསྟར་ཚུན་ལྗོངས་ཡོངས་ཀྱི་ལྟ་སྐྱོང་བའི་ཐོབ་ཐང་རྩིས་མེད་བཏང་བའི་གྱོད་གཞི་ཐོག་མ་འདྲི་ཞིབ་མཇུག་བསྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-16

    ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་ནི་བཏོན་པ་ཙམ་མིན་ལ། སྟོང་གཏམ་ཡང་དེ་བས་མིན། 2023ལོའི་ཟླ་12ཚེས་28ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ཀྱི་དམིགས་བསལ་གོ་རིམ་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བཀྲ་ཆེ་གེ་མོའི་ལྟ་སྐྱོང་བའི་ཐོབ་ཐང་རྩིས་མེད་གཏོང་བའི་རེ་ཞུའི་གྱོད་གཞིར་འདྲི་གཅོད་མཇུག་བསྒྲིལ་བ་རེད། དེ་ནི་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས《དམངས་དོན་ཁྲིམས་གཞུང》ནང་གི་ལྟ་སྐྱོང་བའི་ཐོབ་ཐང་རྩིས་མེད་གཏོང་བའི་གྱོད་གཞི་དང་པོ་ཡིན་ཞིང་། གྱོད་གཞི་དེ་2021ལོའི་ཟླ་1ཚེས་1ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ཁྱབ་བསྒྲགས་དང་ལག་བསྟར་བྱས་རྗེས་རང་སྐྱོང་ལྗོངས་ཀྱི་གྱོད་གཞི་ཐོག་མ་རེད།

    འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་ཟླ་12ཚེས་28ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ཀྱི་དམིགས་བསལ་གོ་རིམ་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བཀྲ་ཆེ་གེ་མོའི་ལྟ་སྐྱོང་བའི་ཐོབ་ཐང་རྩིས་མེད་གཏོང་བའི་རེ་ཞུའི་གྱོད་གཞིར་འདྲི་གཅོད་མཇུག་བསྒྲིལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རེ་ཞུ་བྱ་ཡུལ་བཀྲ་ཆེ་གེ་མོ་ནི་ལྟ་སྐྱོང་བྱ་ཡུལ་ཕྲུ་གུ་གཉིས་ཀྱི་པ་ཕ་ཡིན་ནའང་ཁོ་པས་ཕྲུ་གུ་གཉིས་ཀྱི་ཨ་མ་བསད་པའི་རྐྱེན་གྱིས། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་སྲོག་ཁྲིམས་ཀྱི་ཆད་པ་བཅད་པ་དང་ལོ་གཉིས་དུས་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་དང་འབྲེལ། ཉེས་ཆད་ཡང་དུ་གཏོང་རྒྱུ་མེད་པ་དང་ཚེ་གང་ཆབ་སྲིད་ཀྱི་དབང་ཆ་བཙན་འཕྲོག་བྱ་རྒྱུ་ཡིན་པས། ལྟ་སྐྱོང་གི་འགན་འཁྲི་སྒྲུབ་ཐབས་མེད། ཕྲུ་གུ་གཉིས་ཀྱི་ཨ་མ་ཉེས་དོན་གྱོད་གཞི་འདིའི་ཁྲོད་ཚེ་ལས་འདས་པ་དང་། ལྟ་སྐྱོང་བྱ་ཡུལ་གཉིས་ཀྱི་གཉེན་ཉེ་ཚང་མས་ཕྲུ་གུ་དེ་གཉིས་ལ་ལྟ་སྐྱོང་བྱེད་འདོད་མེད་ལ་ལྟ་སྐྱོང་གི་ནུས་པ་ཡང་མེད། མིག་སྔར། ལྟ་སྐྱོང་བྱ་ཡུལ་གཉིས་པོ་གཞིས་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོས་གནས་སྐབས་ལྟ་སྐྱོང་བྱེད་བཞིན་ཡོད། དེར་བརྟེན་རེ་ཞུ་བྱེད་མཁན་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་ལ་བཀྲ་ཆེ་གེ་མོའི་ལྟ་སྐྱོང་ཐོབ་ཐང་མེད་པར་བཟོ་བའི་རེ་བ་བཏོན་པ་དང་། གྲོང་ཁྱེར་དམངས་སྲིད་ཅུས་ཁོངས་གཏོགས་ཚན་པ་གཞིས་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོས་ཕྲུ་གུའི་ལྟ་སྐྱོང་གི་འགན་འཁུར་རྒྱུ་དམིགས་འཛུགས་བྱས་ཡོད། གྱོད་གཞི་དེ་བསམ་གྲུབ་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཞུ་གཏུག་རྒྱག་པར་རྒྱབ་སྐྱོར་བྱས་ཡོད།

    བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད《དམངས་དོན་ཁྲིམས་གཞུང》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ན་སོ་དར་ལ་མ་བབས་པའི་མིའི་ཕ་མ་གྲོངས་པའམ་ཡང་ན་ལྟ་སྐྱོང་གི་ནུས་པ་མེད་ཚེ་སྤོ་རྨོ་དང་། ཨ་མའི་ཕ་མ། གཅེན་པོ་དང་གཅེན་མོ། དེ་བཞིན་ལྟ་སྐྱོང་བྱེད་འདོད་ཡོད་མཁན་གྱི་མི་སྒེར་རམ་ཡང་ན་རྩ་འཛུགས་གཞན་དག་སོགས་ཀྱིས་རིམ་པ་བཞིན་ལྟ་སྐྱོང་བྱེད་མཁན་གྱི་འགན་འཁུར་དགོས་པ་དང་། བཅའ་ཁྲིམས་ལྟར་ལྟ་སྐྱོང་གི་ཐོབ་ཐང་ཡོད་མཁན་མི་གཞན་དག་མེད་ཚེ་དམངས་སྲིད་སྡེ་ཚན་གྱིས་ལྟ་སྐྱོང་བའི་འགན་འཁུར་ཆོག་ལ། ལྟ་སྐྱོང་གི་འགན་འཁྲི་འཁུར་བའི་ཆ་རྐྱེན་འཛོམས་པའི་ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་ཡང་ཆོག ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་ལུས་སེམས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་གཏོང་བའི་བྱེད་སྤྱོད་སྤེལ་བ་དང་ལྟ་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཚབས་ཆེན་གཏོང་བ་སོགས་ཀྱི་སྣང་ཚུལ་སྤེལ་རིགས་ལ་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྒེར་རམ་ཡང་ན་རྩ་འཛུགས་ཀྱི་རེ་ཞུ་ལྟར་དེའི་ལྟ་སྐྱོང་བའི་ཐོབ་ཐང་རྩིས་མེད་གཏོང་ཆོག་གི་ཡོད། གྱོད་གཞི་འདིའི་ནང་རང་ངོས་ཀྱི་ཆ་ནས་བལྟས་ན། རེ་ཞུ་བྱ་ཡུལ་བཀྲ་ཆེ་གེ་མོས་ལྟ་སྐྱོང་བྱ་ཡུལ་ཕྲུ་གུ་གཉིས་ཀྱི་ཨ་མ་བསད་པ་དང་། ལྟ་སྐྱོང་བྱ་ཡུལ་གཉིས་ཀྱི་ལུས་སེམས་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པས། ཁྲིམས་ལྟར་པ་ཕ་ཁོ་པའི་ལྟ་སྐྱོང་བའི་ཐོབ་ཐང་རྩིས་མེད་གཏོང་ཆོག་གི་ཡོད། དངོས་ཡོད་གནས་ཚུལ་ལ་བལྟས་ན། ལྟ་སྐྱོང་བྱ་ཡུལ་གཉིས་ཀྱི་པ་ཕ་བཀག་སྐྱིལ་བྱས་ཡོད་པས། ལྟ་སྐྱོང་གི་འགན་འཁྲི་འཁུར་ཐབས་བྲལ་བ་མ་ཟད། ད་ཡོད་ཀྱི་གཉེན་ཉེ་ཚང་མར་ལྟ་སྐྱོང་བྱེད་འདོད་མེད་པའམ་ཡང་ན་ལྟ་སྐྱོང་གི་ནུས་པ་ཡང་མེད། དེ་དང་དུས་མཚུངས། རེ་ཞུ་བྱ་ཡུལ་བཀྲ་ཆེ་གེ་མོས་ཀྱང་ཕྲུ་གུ་གཉིས་ཀྱི་ལྟ་སྐྱོང་དབང་ཆ་དམངས་སྲིད་སྡེ་ཚན་ལ་རྩིས་སྤྲོད་ཀྱི་ཡིན་པ་དང་དམངས་སྲིད་སྡེ་ཚན་གྱིས་དུས་ཡུན་རིང་པོར་ལྟ་སྐྱོང་བྱེད་པར་ཡང་བསམ་འཆར་མེད་ཅེས་བཤད་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་གི་དོན་ཚན་ཉེར་བདུན་པ་དང་། སོ་གཉིས་པ། སུམ་ཅུ་པ་བཅས་ཀྱི་གཏན་འབེབས་ལ་གཞིགས་ན། ལྟ་སྐྱོང་བྱ་ཡུལ་ལ་ཕན་པ་ཆེ་ཤོས་ལྡན་པའི་རྩ་དོན་བཞིན་ཁྲིམས་ལྟར་ན་སོ་དར་ལ་མ་བབས་པའི་མི་གཉིས་ཀྱི་པ་ཕའི་ལྟ་སྐྱོང་ཐོབ་ཐང་རྩིས་མེད་གཏོང་རྒྱུའི་ཁྲིམས་ཐག་བཅད་ནས། གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཁོངས་གཏོགས་ཀྱི་སྒྲིག་གཞི་གཞིས་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོས་ཕྲུ་གུ་གཉིས་ཀྱི་ལྟ་སྐྱོང་འགན་འཁྲི་འཁུར་ཆོག་པའི་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།