“བཀྲ་ཤིས་འདུམ་འགྲིག་ཁང”གིས“ཧྥེང་ཆའོ་ཡི་དྲོད་ཚད”ལ་བརྟེན་ནས་གཏོགས་ཁོངས་ཀྱི་དུས་བདེར་སྲུང་སྐྱོང་བྱས་པ།
ཉེ་བའི་ལོ་ཤས་རིང་། རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་བྱ་སྤྱོད་ལ་བརྟེན་ནས“དོན་ཆུང་གྲོང་ཚོ་ནས་མི་ཐོན་པ་དང་། དོན་ཆེན་ཤང་ནས་མི་ཐོན་པ། འགལ་བ་གོང་རིམ་ལ་མི་ཞུ་བ”བཅས་ཀྱི་ལས་ཀའི་དམིགས་ཚད་ཆེན་པོ་གསུམ་ལག་ལེན་བསྟར་ཏེ། མཐའ་མཚམས་ཀྱི་ཁྱད་ཆོས་ལྡན་པའི“བྱེད་ཐབས་སྣ་མང་སྤྱད་དེ་འགལ་བ་འདུམ་འགྲིག་དང་། ཡུལ་དུས་ཀུན་ཏུ་དུས་བདེར་སྲུང་སྐྱོང་། བར་ཐག་མེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བའི”ལས་ཀའི་ལམ་སྲོལ་བཙུགས་པ་དང་ཆབས་ཅིག གཏོགས་ཁོངས་ཀྱི་མང་ཚོགས་དང་གཉེན་ཉེའམ་གྲོགས་པོ་བསྒྲིགས་ནས་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་ཁོང་ཚོའི་རེ་ཞུར་ཉན་ཏེ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་མཚམས་ས་ཁུལ་དུ་ཁྱབ་སྤེལ་བཏང་ནས། “ཧྥེང་ཆའོ་ཡི་དྲོད་ཚད”ལ་བརྟེན་ནས་གཏོགས་ཁོངས་ཀྱི་དུས་བདེར་སྲུང་སྐྱོང་བྱས་པ་རེད།
ཉེ་ཆར། བོད་ལྗོངས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་གི་གཏོགས་ཁོངས་ཀྱི་འབྲོག་པ་ལྷག་པ་ཚེ་རིང་དང་ཡུལ་སྐོར་བ་ཞིག་གི་དབར་རྩོད་གཞི་ཞིག་བྱུང་བ་རེད།
“ངས་ལུག་དེད་དེ་རྒྱ་ལམ་སྒྲོལ་སྐབས་ཁོས་རླངས་འཁོར་མགྱོགས་པོ་བཏང་ནས་ཡོང་བ་མཐོང་འཕྲལ་ངས་ལམ་སེང་ལམ་གཞོགས་སུ་དེད་པ་ཡིན། ཡིན་ན་ཡང་རླངས་འཁོར་གྱིས་ལུག་ཁ་ཤས་ལ་བརྡུངས་སོང་། ཁོས་ད་དུང་ངས་ཀླན་ཀ་འཚོལ་གྱི་འདུག་ཟེར། ཁྱེད་ཚོར་རོགས་སྐྱོབ་མི་ཞུ་ཐབས་མེད་བྱུང་སོང”ཞེས་འབྲོག་པ་ལྷག་པ་ཚེ་རིང་གིས་ཁོང་ཁྲོའི་ངང་ནས་བཤད།
དེ་རྗེས། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གནས་ཚུལ་ཐོན་ཡུལ་གྱི་གློག་མིག་ལ་བལྟས་ནས་དབྱེ་ཞིབ་ཡག་པོ་བྱས་རྗེས། ཁོ་གཉིས་ལ་ངང་རྒྱུད་རིང་པོས་ཁ་ཏ་སློབ་སྟོན་བྱས་མཐར་འགལ་བ་འདུམ་འགྲིག་ཡག་པོ་ཐུབ་པ་རེད།
དོན་དག་འདི་ནི“བཀྲ་ཤིས་འདུམ་འགྲིག་ཁང”གི་ལས་དོན་གྱི་བསྡུས་རིས་ལྟ་བུ་ཞིག་ཡིན་པ་རེད།
རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་ནི་བོད་ཀྱི་བྱང་སྒོར་གནས་ཤིང་། དེ་ནི་ཤིན་ཅང་དང་བོད་ལྗོངས་གཉིས་ཀྱི་འགྲིམ་འགྲུལ་ལྟེ་བ་ཡིན། གཏོགས་ཁོངས་དེར་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཟོག་འདྲེན་རླངས་འཁོར་དང་། སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་ཡོང་མཁན། རྨང་གཞིའི་སྒྲིག་བཀོད་བཅས་མང་པོ་ཡོད་ཅིང་། མི་སྣ་རྙོག་འཛིང་ཆེ་བས་འགལ་བ་དང་རྩོད་གཞི་སྣ་ཚོགས་ཐོན་སླ་པོ་ཡོད། འགལ་བ་དང་རྩོད་གཞི་དང་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཐོན་མ་ཐག་སེལ་ཆེད། མངགས་གཏོང་ཁང་གིས་ལས་ཀ་བྱེད་སྟངས་གསར་དུ་བཏོད་དེ། “བཀྲ་ཤིས་འདུམ་འགྲིག་ཁང”རྨང་གཞིར་བྱས་ནས“མཉམ་འབྲེལ་འདུམ་འགྲིག་ཁང”བཙུགས་ཏེ་མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག དྲ་རྒྱའི་འདུམ་འགྲིག་བཅས“འདུམ་འགྲིག་བྱེད་སྟངས་བཞི་གཅིག་ཏུ་སྒྲིལ་བའི”ལས་དོན་སྤེལ་སྟངས་དང“1+X”འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་སྟངས་ལག་ལེན་བསྟར་བ་རེད།
དུས་ཡུན་རིང་པོར། མངཌ་གཏོང་ཁང་གིས“གྱོད་གཞི་ཚབས་ཆེ་རུ་མི་འགྲོ་བ་དང་། གནས་ཚུལ་འདུམ་འགྲིག་བྱེད་པའི”དམིགས་ཡུལ་ལྟར་དོ་བདག་ལ་འདུམ་འགྲིག་དང་སྦྲགས་རོགས་རམ་དང་སློབ་གསོ་ཡང་བྱེད་ཀྱི་ཡོད། “བཀྲ་ཤིས་འདུམ་འགྲིག་ཁང”བཙུགས་ཚུན་དུ། ཞིང་པ་ལས་མིར་འགྱངས་ཆད་བྱས་པའི་གླ་ཕོགས་སྒོར་ཁྲི་300ལེན་རོགས་བྱས་པ་དང་། རོགས་སྐྱོར་བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཐེངས་50ལྷག་ཙམ་བཅས་བྱས་པར་མང་ཚོགས་ཀྱི་ཁས་ལེན་ཐོབ་ནས་གོས་དར་6རག་ཡོད་པ་རེད།