དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱིས་ཁྲིམས་སྐྱོང་ལ་བརྟེན་ནས་རི་སྔོ་ཆུ་དྭངས་སྲུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-04

    གསར་འགོད་པར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། 2023ལོར་བོད་ཀྱིས་ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་གྱོད་གཞི་262ལ་འདྲི་ཞིབ་བྱས་པ་དུས་མཚུངས་ལས་12.39%འཕར་ཡོད་པ་རེད།

    བོད་ལྗོངས་ཁྲིམས་ཁང་ཁོངས་གཏོགས་ཀྱིས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཞབས་འདེགས་ཞུ་མཁན་ཞིག་བྱས་ནས་རང་སྟོབས་ཁྲིམས་འཛིན་གྱིས“འཛམ་གླིང་གི་སྣེ་གསུམ་པ”བསྲུངས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད། བོད་ལྗོངས་ཁྲིམས་ཁང་གིས་དུས་རབས་གསར་པའི་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་འདུ་ཤེས་བརྟན་པོར་བཙུགས་ནས《ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་འགན་ནུས་ལག་ལེན་ཏན་ཏིག་བསྟར་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཟོས་པ་དང་། ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ། ཁོར་ཡུག་སྤྱི་ཕན་གཏུག་བཤེར་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་པར་གུན་གསབ་སྤྲོད་པའི་གྱོད་གཞིར་འདྲི་ཞིབ་འོས་འཚམ་བྱས་པ། དམངས་དོན་གུན་གསབ་དང་། སྔོ་ཁེབས་སླར་གསོ། ས་ཞིང་བསྐྱར་སྦོལ། ངལ་ལས་ཚབ་འཇལ་སོགས་ཀྱི་བྱེད་སྟངས་སྤྱད་དེ་གཏོར་སྐྱོན་ཕོག་པའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱས་པ་རེད། བོད་ལྗོངས་ཁྲིམས་ཁང་གིས་སྤྱི་བདེ་དང་། ཞིབ་དཔྱོད། ཁོར་ཡུག་དངུལ་རྩའི་སྲིད་འཛིན་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་སྒུལ་ལམ་སྲོལ་བཙུགས་ནས་ཉེས་གསོག་བཅོས་སྐྱོང་དང་བཅོས་སྐྱོང་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁྲིམས་འཛིན་གྲོས་འགོ་བཏོན་ནས་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་སྐྱོན་ཆ་སེལ་བར་སྐུལ་འདེད་བཏང་སྟེ་ཁྲིམས་ལྟར་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་པར་སྐུལ་འདེད་བཏང་བ་རེད།

    2023ལོར་བོད་ལྗོངས་ཁྲིམས་ཁང་གིས་དྲང་གཞག་དང་ལས་ཕྱོད་ཆེ་བའི་ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་དོན་ལ་བརྟེན་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་གཡས་གཞོགས་གཡོན་འདེགས་མཐའ་འཁྱོངས་བྱས་པ་རེད། གཅིག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཉམ་སྒུལ་ལ་ཤུགས་སྣོན་བརྒྱབ་ཅིང་། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིབ་དཔྱོད་དང་། རང་བྱུང་ཐོན་ཁུངས། ཆུ་བེད་སོགས་སྡེ་ཚན་དང་མཉམ་དུ《སྤྱི་ཕན་གཏུག་བཤེར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་མཉམ་ལས་ལམ་སྲོལ》དང《ས་ཞིང་དང་གཏེར་རྫས་ཀྱི་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་བྱ་ཐབས》སོགས་ལམ་ལུགས་ལམ་སྲོལ་ཁག་4བཟོས་ནས་བཏོན་པ་རེད། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ནག་ཆུ་དང་། ཨ་མདོ། སྦྲ་ཆེན། སྙན་རོང་བཅས་ཀྱི་ཁྲིམས་ཁང་དང་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འཛིན་སྲུང་སྐྱོང་མཉམ་ལས་མནའ་འབྲེལ་ལ་ཞུགས་ཏེ་མཚོ་སྔོན་དང་། སི་ཁྲོན། ཡུན་ནན་སོགས་ཀྱི་ཁྲིམས་ཁང་དང་མཉམ་ལས་མཉམ་སྒུལ་ལམ་སྲོལ་བཙུགས་པ་རེད། གཉིས་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་འཇོན་ཐང་ཆེ་རུ་བཏང་ཞིང་། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས“ཕྱོགས་གསུམ་གཞི་གཅིག”གི་འདྲི་གཅོད་ཚོགས་པ་བཙུགས་ནས། ཉེས་དོན་བདའ་འདེད་དང་། དམངས་དོན་སྐྱིན་ཚབ་འཇལ་བ། སྲིད་འཛིན་འགན་འཁྲི་སྒྲུབ་པ་བཅས་ཁྲིམས་ལྟར་གཞོགས་འདེགས་བྱེད་པར་སྐུལ་འདེད་བཏང་བ་དང་འབྲེལ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལས་དོན་ལ་ཞབས་འདེགས་དང་འགན་ལེན་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་གྲྭ་གལ་ཆེན་ལ་ཞབས་འདེགས་ཞུས་ཏེ་སྐྱེ་ཁམས་འདུ་འགོད་གལ་ཆེན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ། ལྷ་སའི་རིམ་གཉིས་ཁྲིམས་ཁང་ལ་མཛུབ་ཁྲིད་བྱས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྩོད་གཞི་ཁག་119བདག་སྤྲོད་བྱས་པ་དང་ཁག་110འདྲི་ཞིབ་་མཇུག་འགྲིལ་ནས་ལག་བསྟར་མ་དངུལ་སྒོར་ཁྲི་2120དོན་ཐོག་ཏུ་འཁྱོལ་ཡོད། གསུམ་ནས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཞིང་། བོད་ལྗོངས་ཁྲིམས་ཁང་ཁོངས་གཏོགས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སོགས་དྲིལ་བསྒྲགས་བྱེད་སྒོ་ཐེངས་180ལྷག་ཙམ་སྒྲིག་འཛུགས་ནན་ཏན་བྱས་ནས་སྤེལ་བ་དང་། སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་4.8ལྷག་ཙམ་ཟིན་པ།《ལྗོངས་ཡོངས་ཀྱི་ཁོར་ཡུག་ཐོན་ཁུངས་ཀྱི་དཔེ་མཚོན་གྱོད་དཔེ》ཁག་2ཀྱི་གྱོད་གཞི་18ཁྱབ་བསྒྲགས་བྱས་པ། “གྱོད་གཞི་ཆུང་གྲས”ལ་བརྟེན་ནས་གནས་ལུགས་ཆེན་པོར་འགྲེལ་བཤད་བརྒྱབ་པ་བཅས་བྱས་ཏེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི“མཛེས་སྡུག་སྟོན་གྲངས”དང་མི་དམངས་མང་ཚོགས་ཀྱི་འཚོ་བའི“བདེ་སྐྱིད་སྟོན་གྲངས”མཉམ་དུ་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།