རང་སེམས་རང་གིས་མ་གཅུན་ན། མཛེས་མའི་རྙི་ལ་ཚུད་ཉེན་ཆེ།
2023ལོའི་ཟླ་12ཚེས་21ཉིན། ལྷ་སའི་གྲོང་མི་ལིའུ་ཆེ་གེ་མོ་མགྲོན་ཁང་ཞིག་ཏུ་སྡོད་རིང་། ཁ་པར་ནས་དྲ་ངོས་ཤིག་ཁ་འབྱེད་སྐབས“གྲོང་ཁྱེར་གཅིག་པའི་མཛེས་མ་ཐུག་འཕྲད”ཅེས་པའི་དྲ་ངོས་ཤིག་ཐོན་པས། ཁོ་པས་དེ་མནན་ཏེ་APPཕབ། དེ་རྗེས་ཕ་རོལ་པོས་ལིའུ་ཆེ་གེ་མོར་ཚོགས་མིའི་ཐོ་འགོད་ལ་གྲོན་དངུལ་སྒོར་50སྤྲོད་དགོས་ལུགས་བཤད་པ་མ་ཟད། དངུལ་ཐེངས་གསུམ་སྤྲད་ན་ཚོགས་མིར་འགྱུར་ཐུབ་ཅིང་། མཛེས་མ་དང་ཐུག་འཕྲད་བྱེད་ཐུབ་ལ་བསྒྱུར་བའི་དངུལ་ཚང་མ་ཕར་སློག་གི་རེད་ཅེས་བརྗོད།
ལིའུ་ཆེ་གེ་མོས་ཚོད་ལྟ་དང་བཅས་ཐེངས་དང་པོར་སྒོར་21བསྐུར་བར་ཚུར་སྒོར་40སློག་པ་དང་། ཐེངས་གཉིས་པར་སྒོར་200བསྐུར་བར་ཚུར་སྒོར་230སློག་པ་རེད།
བསླུ་བྲིད་དེ་འདྲའི་འོག ལིའུ་ཆེ་གེ་མོས་དངུལ་མང་ཙམ་བསྐུར་ནས་ཁེ་ཕན་དེ་བས་མང་ཙམ་ཐོབ་པ་དང་སེམས་ནང་གི་མཛེས་མ་མགྱོགས་ཙམ་འཕྲད་ཐུབ་པའི་འདོད་སེམས་བཅངས་ཏེ། ཐེངས་གསུམ་པར་སྒོར་1513བསྐུར། འོན་ཀྱང་། དངུལ་ཐེངས་གསུམ་པ་བསྐུར་རྗེས། ཕ་རོལ་པོས་བཀོལ་སྤྱོད་བྱེད་སྟངས་ནོར་འདུག་པས་ཡང་བསྐྱར་དངུལ་སྐུར་དགོས་པ་དང་། དངུལ་བསྐུར་རྗེས་དེ་གོང་གི་དངུལ་ཚང་མ་སློག་གི་རེད་ཅེས་བཤད། དེས་ན་ཁོས་ཕ་རོལ་པོས་བཤད་པ་ལྟར་བྱས་པས་ལིའུ་ཆེ་གེ་མོ་མགོ་སྐོར་འོག་ཚུད་ནས། APPདེར་སྒོར་བཅུ་གྲངས་ནས་སྒོར་ཁྲི་ཉི་ཤུ་བར་གྱི་གྲངས་འབོར་མི་འདྲ་བའི་དངུལ་ཐེངས་བཅུ་ལྷག་ཙམ་བསྐུར་བ་རེད།
ལིའུ་ཆེ་གེ་མོས་དངུལ་བཏོན་ཏེ་མཛེས་མ་དང་ཐུག་འཕྲད་བྱེད་དགོས་བསམ་དུས། APPནས་དངུལ་འདོན་ཐབས་བྲལ་བའི་ཆ་འཕྲིན་འབྱོར་བ་མ་ཟད། མུ་མཐུད་དངུལ་སྐུར་དགོས་ལུགས་བཤད། སྐབས་དེ་དུས་ལིའུ་ཆེ་གེ་མོས་རང་ཉིད་ཁ་བསླུས་ཐེབས་པ་གཞི་ནས་ཤེས་ཏེ་འཕྲལ་མར་ཉེན་རྟོག་པར་སྙན་སེང་ཞུས། སྐབས་དེ་དུས་ཁོ་པར་ཁྱོན་སྒོར་850664ཁ་བསླུས་ཐེབས་ཟིན་པ་རེད།
ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།
གཅིག དྲ་ཐོག་ནས་སྨད་འཚོང་མ་འབོད་པ་ཡིན་ན། ཁྲིམས་ལས་འགལ་བར་བརྩིས་ནས་བཀག་ཉར་དང་དངུལ་ཆད་གཅོད་སྲིད་ལ། དྲ་ཐོག་ནས་སྨད་འཚོང་མ་བོས་ཏེ་འབོད་ཐུབ་མེད་རུང་ཁ་བསླུས་ཐེབས་པའི་ཉེན་ཁ་ཡོད། དེ་ཡང་། ཁ་བསླུས་རྒྱག་མཁན་གྱིས་དྲ་ཐོག་ནས་དམར་ཧྲེང་ཕུད་དེ་མགོ་སྐོར་གཏོང་བ་དང་མ་འཇོག་བསླུ་བྲིད་སོགས་བྱེད་ཀྱི་ཡོད་པས། ཡིད་གཟབ་མ་བྱས་ཚེ་མི་རྒྱུ་གཉིས་ཀ་ཕུང་ལ་སྦྱོར་སྲིད།
གཉིས། ཆགས་སྲེད་ཀྱི་དྲ་ཚུགས་ཁ་འབྱེད་མི་རུང་ལ། འབྲེལ་བྱེད་ཀྱི་དྲ་རྟགས་གང་བྱུང་ཁ་འབྱེད་མི་རུང་། དེ་བས། དྲ་ཚུགས་ནས་རྒྱུས་མངའ་མེད་པའི་APPགཏན་ནས་ཕབ་མི་རུང་།