དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
ལེའུ་གསུམ་པ། ཁྲིམས་མི།
ས་བཅད་དང་པོ། སྤྱིར་བཏང་གི་གཏན་འབེབས།
40 ཅི་ཞིག་ལ་ཁྲིམས་མི་ཟེར། ཁྲིམས་མིར་ཁྱད་ཆོས་གང་དང་གང་ལྡན་ཡོད།
ཁྲིམས་མི་ཞེས་པ་ནི་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་པ་དང་། ཁྲིམས་ལྟར་རང་ཚུགས་ཀྱིས་དམངས་དོན་ཁེ་དབང་སྤྱད་ཆོག་པ་གང་ཞིག དམངས་དོན་འོས་འགན་ཡང་སྒྲུབ་པའི་རྩ་འཛུགས་ཤིག་ལ་ཟེར།
རང་ཚུགས་ལྡན་པའི་དམངས་དོན་བྱེད་པོ་ཞིག་གི་ངོས་ནས་བཤད་ན། ཁྲིམས་མི་ལ་སྤྱིར་བཏང་གཤམ་གསལ་གྱི་ཁྱད་ཆོས་བཞི་ལྡན་ཡོད་དེ།
(1)ཁྲིམས་མི་ནི་སྤྱི་ཚོགས་རྩ་འཛུགས་ཀྱི་རིགས་ཤིག་ཡིན་ཞིང་། དེ་ནི་རང་བྱུང་མི་དང་མི་འདྲ་སྟེ། སྲོག་ལྡན་གྱི་སྐྱེ་དངོས་ཤིག་གི་རྣམ་པར་གནས་པ་ཙམ་མིན་པར་རྩ་འཛུགས་ཕུང་གཟུགས་ཤིག་གི་རྣམ་པར་གནས་ཡོད།
(2)ཁྲིམས་མི་ནི་ཁྲིམས་ལྟར་བཙུགས་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་རེད། ཁྲིམས་ལྟར་འཛུགས་པ་ནི་སྤྱི་ཚོགས་ཀྱི་རྩ་འཛུགས་ངེས་ཅན་ཞིག་དམངས་དོན་བྱེད་པོར་གྱུར་པའི་གཞི་རྩའི་སྔོན་འགྲོ་རེད།
(3)ཁྲིམས་མི་ནི་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་རེད།
ཁྲིམས་མི་ནི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་ཡང་། སྤྱི་ཚོགས་རྩ་འཛུགས་གང་ཡིན་རུང་ཚང་མར་ཁྲིམས་མིའི་ཐོབ་ཐང་ལྡན་པས་མ་ཁྱབ། ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང་། དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་ན། གཞི་ནས་ཁྲིམས་མིའི་ཐོབ་ཐང་ལྡན་ཡོད།
(4)ཁྲིམས་མི་ནི་རང་ཉིད་ཀྱི་རྒྱུ་ནོར་ཆ་ཚང་གིས་རང་ཚུགས་ཀྱིས་དམངས་དོན་འགན་འཁྲི་འཁུར་ཐུབ་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་རེད། ཁྲིམས་མིའི་རང་ཚུགས་ཀྱི་འགན་འཁྲི་ཞེས་པ་ནི་ཁྲིམས་མིས་འོས་འགན་ལས་གྲོལ་ནས་ཕྱི་ཕྱོགས་ལ་འགན་འཁྲི་འཁུར་ཐུབ་ཚེ། དེའི་འགན་འཁྲིའི་ཁྱབ་ཁོངས་ནི་དེར་དབང་བའམ་གཉེར་སྐྱོང་དོ་དམ་བྱེད་པའི་རྒྱུ་ནོར་ཆ་ཚང་གིས་དབྱེ་མཚམས་འབྱེད་དགོས་པ་དང་ཁྲིམས་མིའི་ཁོངས་མི་དང་མི་གཞན་དག་གིས་འགན་འཁྲི་འཁུར་མི་དགོས།
41 ཁྲིམས་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་དང་རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་ལ་ཁྱད་པར་གང་ཡོད།
ཁྲིམས་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་དང་རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་ཀྱི་ཁྱད་པར་གཙོ་བོ་གཤམ་གྱི་ཕྱོགས་གཉིས་ནས་མཚོན་པ་སྟེ།
(1)སྤྱོད་པའི་དུས་ཚོད་མི་འདྲ། རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་པའི་དུས་ཡུན་ནི་སྐྱེས་པ་ནས་མ་གྲོངས་པའི་བར་རེད། རང་བྱུང་མིའི་སྐྱེ་འཆི་ནི་རང་བྱུང་གི་སྣང་ཚུལ་ཞིག་རེད། ཁྲིམས་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་ནི་ཁྲིམས་མི་འཛུགས་པའི་དུས་ནས་མཇུག་འགྲིལ་བའི་བར་རེད།
(2)སྤྱོད་པའི་ཁྱབ་ཁོངས་མི་འདྲ། རང་བྱུང་མིའི་ཁྲིམས་ལྟར་སྤྱོད་པའི་དམངས་དོན་ཁེ་དབང་སྤྱོད་ནུས་ཀྱི་ཁྱབ་ཁོངས་ཅུང་ཆེ་བ་སྟེ། དེར་རྒྱུ་ནོར་གྱི་ཁེ་དབང་ཚུད་ཡོད་ལ་རང་བྱུང་མིའི་མི་ལུས་ཀྱི་ཁེ་དབང་ཡང་ཚུད་ཡོད། ཁྲིམས་མི་ནི་རྩ་འཛུགས་ཕུང་གཟུགས་ཤིག་ཡིན་པས་ཚེ་སྲོག་དང་ཁ་འབྲལ་ཐབས་མེད་པའི་ཚེ་སྲོག་བདེ་ཐང་གི་ཁེ་དབང་དང་། འདྲ་བརྙན་གྱི་ཁེ་དབང་། མི་ལུས་ཀྱི་ཁེ་དབང་བཅས་སྤྱོད་རྒྱུ་མེད།
42 རང་བྱུང་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་དང་བསྡུར་ན། ཁྲིམས་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཁྱད་ཆོས་གང་དག་ལྡན་ཡོད།
རང་བྱུང་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་དང་བསྡུར་ན། ཁྲིམས་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཡོད་དེ།
(1)དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཀྱི་དུས་ཚོད་མི་འདྲ་སྟེ། ཁྲིམས་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཀྱི་དུས་ཚོད་ནི་དེའི་དམངས་དོན་ཁེ་དབང་སྤྱོད་ཡུན་དང་གཅིག་མཚུངས་ཡིན་ཏེ་ཁྲིམས་མི་ནི་ཁྲིམས་ལྟར་བཙུགས་མ་ཐག་ནས་རང་ཚུགས་ཀྱི་མིའི་ཐོབ་ཐང་དང་རང་ཚུགས་ཀྱི་ནུས་པ་ལྡན་ཡོད།
(2)དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་སྤྱོད་པའི་ཁྱབ་ཁོངས་མི་འདྲ་སྟེ། ཁྲིམས་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཀྱི་ཁྱབ་ཁོངས་དང་དམངས་དོན་ཁེ་དབང་སྤྱོད་ནུས་ཀྱི་ཁྱབ་ཁོངས་གཅིག་མཚུངས་རེད། ཁྲིམས་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་གཏན་འཁེལ་བྱས་ཟིན་ན་དེའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཀྱང་དེར་བསྟུན་གྱིས་གཏན་འཁེལ་བྱས་ཡོད།
(3)ཁྲིམས་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ནི་ཁྲིམས་མིའི་ལས་ཁུངས་སམ་མི་ཚབ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། ཁྲིམས་མིའི་ལས་ཁུངས་སམ་མི་ཚབ་ཀྱིས་རང་ཉིད་ཀྱི་འདོད་བློ་སྟོན་པས་ཁྲིམས་མིའི་ཚོགས་པའི་འདོད་བློ་མཚོན་ཡོད་པ་དང། ཁོ་ཚོས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤེལ་བའི་དམངས་དོན་བྱ་སྤྱོད་ནི་ཁྲིམས་མིའི་བྱ་སྤྱོད་དུ་རྩི་དགོས་པས། བཅའ་ཁྲིམས་ཀྱི་མཇུག་འབྲས་ཀྱང་ཁྲིམས་མིས་འཁུར་དགོས།
43 ཁྲིམས་མི་འཛུགས་པར་ཆ་རྐྱེན་གང་ཞིག་འཛོམ་དགོས།
ཁྲིམས་མི་འཛུགས་པར་གཤམ་གྱི་ཆ་རྐྱེན་གསུམ་འཛོམ་དགོས་ཏེ།
(1)ཁྲིམས་མི་ནི་ཁྲིམས་ལྟར་འཛུགས་དགོས།
(2)རང་ཉིད་ཀྱི་མིང་དང་རྩ་འཛུགས་སྒྲིག་གཞི། གཞིས་གནས། རྒྱུ་ནོར་རམ་གྲོན་དངུལ་བཅས་ཡོད་དགོས། ཁྲིམས་མི་བཙུགས་ན་འཐུས་པའི་བྱེ་བྲག་གི་ཆ་རྐྱེན་དང་ལས་རིམ་ཁག་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་འཛིན་དགོས།
(3)ཁྲིམས་མི་འཛུགས་སྐབས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་འཐོབ་དགོས་པའི་གཏན་འབེབས་བྱས་ཡོད་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
44 ཅི་ཞིག་ལ་ཁྲིམས་བཀོད་འཐུས་ཚབ་པ་ཟེར། ཁྲིམས་བཀོད་འཐུས་ཚབ་པར་ཁྱད་ཆོས་གང་ཡོད།
ཁྲིམས་བཀོད་འཐུས་ཚབ་པ་ཞེས་པ་ནི་བཅའ་ཁྲིམས་སམ་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཁྲིམས་མིའི་འཐུས་ཚབ་བྱས་ནས་དམངས་དོན་བྱེད་སྒོ་སྤེལ་བའི་འགན་འཁུར་བར་ཟེར། ཁྲིམས་བཀོད་འཐུས་ཚབ་པ་ནི་བཟོ་གྲྭའི་འགོ་འཛིན་དང་སྤྱི་གཉེར་བས་བྱ་ཆོག་ལ། ལས་འཛིན་ལྷན་ཚོགས་ཀྱི་ཏུང་ཧྲི་ཀྲང་དང་ལས་འཛིན་འགོ་གཙོས་ཀྱང་བྱ་ཆོག ཁྲིམས་བཀོད་འཐུས་ཚབ་པའི་ཁྱད་ཆོས་གཙོ་བོ་གཤམ་གྱི་ཕྱོགས་གསུམ་ནས་མཚོན་ཐུབ་སྟེ།
(1)ཁྲིམས་བཀོད་འཐུས་ཚབ་པའི་ཐོབ་ཐང་ནི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པ་རེད།
(2)ཁྲིམས་བཀོད་འཐུས་ཚབ་པ་ནི་ཁྲིམས་མིའི་ཚབ་བྱས་ནས་འགན་དབང་སྒྲུབ་པའི་འགན་འཁུར་བ་རེད། ཁྲིམས་བཀོད་འཐུས་ཚབ་པ་ནི་སྤྱིར་བཏང་དུ་ལག་བསྟར་ལས་ཁུངས་ཀྱི་འགན་འཁུར་བ་རེད། དེར་ཁྲིམས་མིའི་ལས་ཁུངས་ཀྱིས་དབང་ཆ་ཆེད་དུ་བཅོལ་དགོས་མེད་པར་བཅའ་ཁྲིམས་སམ་སྒྲིག་ཡིག་གི་གཏན་འབེབས་ལྟར་ཁྲིམས་མིའི་མིང་ཐོག་ནས་ཁྲིམས་མིའི་ཚབ་ཏུ་ཕྱི་ཕྱོགས་སུ་དམངས་དོན་བྱ་སྤྱོད་སྤེལ་ཆོག་པ་མ་ཟད་མིང་རྟགས་ཀྱང་འགོད་ཆོག
(3)ཁྲིམས་བཀོད་འཐུས་ཚབ་པ་ནི་ཁྲིམས་མིའི་ཚབ་ཏུ་ལས་སྒོ་གཉེར་བའི་རང་བྱུང་མི་རེད། ཁྲིམས་བཀོད་འཐུས་ཚབ་པ་ནི་རང་བྱུང་མི་ཁོ་ན་ཡིན་དགོས་པ་གང་ཞིག རང་བྱུང་མི་དེས་ཁྲིམས་མིའི་ཚབ་བྱས་ནས་དམངས་དོན་གྱི་བྱེད་སྒོ་དང་དམངས་དོན་གཏུག་བཤེར་གྱི་བྱེད་སྒོ་སྤེལ་བ་ཡིན་ན་ད་གཟོད་ཐོབ་ཐང་འདི་ལྡན་ཡོད།
ཁྲིམས་བཀོད་འཐུས་ཚབ་པའི་ཁེ་དབང་ནི་ཁྲིམས་མིས་བཅོལ་བ་རེད། ཁྲིམས་མིས་ཁྲིམས་བཀོད་འཐུས་ཚབ་པའི་རྒྱུན་གཏན་གྱི་བྱེད་སྒོ་ལ་དམངས་དོན་འགན་འཁྲི་འཁུར་དགོས། ཁྲིམས་བཀོད་འཐུས་ཚབ་པའི་བྱ་སྤྱོད་དེ་ཁྲིམས་མིས་བཅོལ་བའི་ཚད་ལས་བརྒལ་ན། ཁྲིམས་མིས་དེར་འགན་འཁྲི་འཁུར་དགོས། ཁྲིམས་མིའི་སྒྲིག་ཡིག་གམ་ཁྲིམས་མིའི་དབང་འཛིན་སྒྲིག་གཞིས་ཁྲིམས་བཀོད་འཐུས་ཚབ་པའི་འཐུས་ཚབ་དབང་ཆར་ཚོད་འཛིན་བྱེད་པ་རྒྱུ་མཚན་དུ་དྲངས་ནས་སེམས་བཟང་ལྟོས་བཅས་མིར་འགྲན་རྒོལ་བྱ་མི་ཆོག