གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།
“རྩ་ཁྲིམས་བྱིས་པའི་སེམས་ལ་ཟུག བདེ་ཐང་འཚར་ལོངས་ཡོང་བར་བྱེད”པའི་བྱེད་སྒོ་སྤེལ་བ།
འདི་ནི་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་དཔོན་གྱིས་གྲོགས་པོ་ཆུང་ཆུང་ཚོར་བཅའ་ཁྲིམས་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།
ཉིན་ཤས་གོང་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གྲ་ཕྱི་ཤང་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ“རྩ་ཁྲིམས་བྱིས་པའི་སེམས་ལ་ཟུག བདེ་ཐང་འཚར་ལོངས་ཡོང་བར་བྱེད”པའི་ཞིབ་དཔྱོད་སྒོ་དབྱེའི་བྱེད་སྒོ་སྤེལ་ནས་གྲོགས་པོ་ཆུང་ཆུང་གི་རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་ལྟ་བ་སྔར་བས་ཟབ་ཏུ་བཏང་སྟེ་རང་རྟོགས་ངང་ཁྲིམས་སྲུང་ཁྲིམས་སྤྱོད་ཐུབ་པ་བྱས་ཡོད།
གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་གསོན་ཉམས་དོད་པོས་གྲོགས་པོ་ཆུང་ཆུང་ཚོར་རྩ་ཁྲིམས་ཉིན་མོའི་འབྱུང་ཁུངས་ངོ་སྤྲོད་བྱས་ནས། དགེ་རྒན་དང་གྲོགས་པོ་ཆུང་ཆུང་ཚོའི་སྣེ་ཁྲིད་ནས་ཁོང་ཚོ་དང་མཉམ་དུ་རྒྱལ་དར་དང་རྒྱལ་རྟགས་ལ་ཁ་ཕྱོགས་ཏེ་རྩ་ཁྲིམས་ཀྱི་དམ་བཅའི་ཚིག་ཀློག་པ་རེད།
སློབ་ཚན་ཐོག་སྔ་རྗེས་སུ་བྱིས་པར་བརྙས་བཅོས་མི་ཕོག་པ་དང་མགོ་སྐོར་མི་ཐེབས་པའི་བདེ་འཇགས་སློབ་གསོའི་ཤེས་བྱ་དང་། དེ་བཞིན་བུ་བཅོལ་ཁང་གི་ཡ་རབས་འགྲིམ་འགྲུལ་སོགས་ཀྱི་དྲིལ་བསྒྲགས་པར་གཞི་བསྟན་ནས། ཁོང་ཚོར་རང་ཉིད་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་ལུགས་བརྗོད་པ་རེད། ཞིབ་དཔྱོད་དཔོན་གྱིས“དྲི་བ་རེ་ལ་ལན་རེ་བརྒྱབ”པ་དང་གོ་བདེ་ཤེས་སླའི་སྒོ་ནས་ཕྲུ་གུ་ཚོར་སློབ་གྲྭའི་ནང་གི་བརྙས་བཅོས་དང་། ན་སོ་དར་ལ་མ་བབས་པའི་མིས་རང་ཉིད་སྲུང་སྐྱོང་བྱེད་ལུགས། བཙན་གཡེམ་སྔོན་འགོག་སོགས་ཐད་ཀྱི་བཅའ་ཁྲིམས་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་རེད། དེའི་རིང་གྲོགས་པོ་ཆུང་ཆུང་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས་བཅའ་ཁྲིམས་ཀྱི་ཤེས་བྱར་བཅངས་པའི་སྤྲོ་སེམས་མཚོན་པར་བྱས་པས་དེ་གར་ཡོད་པའི་ཞིབ་དཔྱོད་དཔོན་ཚོར་སེམས་འགུལ་ཆེན་པོ་ཐེབས།
དུས་མཚུངས་ན་སོ་དར་མ་བབས་པའི་མིར་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པའི་དཔེ་མཚོན་དངོས་ལ་དམིགས་ནས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་སྤེལ་རེས་བྱས་ཏེ། གྲོགས་པོ་ཆུང་ཆུང་ཚོར་གལ་ཏེ་རང་ཉིད་ལ་དཀའ་ངལ་འཕྲད་སྐབས་མི་གཞན་གྱི་རོགས་རམ་དགོས་ཚེ། དུས་ཐོག་ཏུ་དགེ་རྒན་དང་། ཕ་མ། དེ་བཞིན་ཞིབ་དཔྱོད་ཁང་གི་ལས་མི་སོགས་བཙལ་ནས་རོགས་སྐྱོར་གནང་རོགས་ཞུ་དགོས་ཞེས་བརྗོད།
བུ་བཅོལ་ཁང་གི་དགེ་རྒན་གྱིས་བྱེད་སྒོ་དེ་རིགས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། གྲོགས་པོ་ཆུང་ཆུང་ཚོ་ཞིབ་དཔྱོད་ཁང་དུ་བསྐྱོད་ནས་ཞིབ་དཔྱོད་དཔོན་དང་སྤེལ་རེས་བྱས་པ་ནི་གྲོགས་པོ་ཆུང་ཆུང་ཚོར་དོན་སྙིང་ལྡན་པའི་ཁྲིམས་སྐྱོང་སློབ་ཚན་ཞིག་འཁྲིད་པ་དང་གཅིག་པ་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།