རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང་ལག་བསྟར་དོན་འཁྱོལ་གྱི་གཙོ་གནད་གང་དག་ཡོད་དམ།
དོ་ཁུར་ཆེན་པོ་བྱེད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས》2024ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་རེད། འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་གང་དག་བརྒྱུད་ནས་བཅའ་ཁྲིམས་དོན་འཁྱོལ་བྱེད་དམ།
ཚེས་21ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། སློབ་གསོ་པུའུ། རིག་གནས་དང་ཡུལ་སྐོར་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པའི་གཙོ་གནད་ལས་དོན་ལ་འགྲེལ་བཤད་བརྒྱབ་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཁྲིམས་འཛུགས་འཆར་འགོད་ཁང་གི་ཀྲུའུ་རེན་དབྱང་ཧོ་ཆིང་གིས་བཅའ་ཁྲིམས་ལ་གསོན་ཤུགས་ལྡན་མིན་ལག་བསྟར་ལ་ཐུག་པ་དང་། བཅའ་ཁྲིམས་ལ་དབང་གྲགས་ལྡན་མིན་ཀྱང་ལག་བསྟར་ལ་ཐུག་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱེད་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་ཞེས་བཤད།
རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཞིར་བཟུང་། ལོ་རེའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་ཉིན་མོ་སྟེ། ཟླ་10ཚེས་1ཉིན་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཕྱོགས་ཁག་ཚང་མས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཅིག་སྡུད་ཐོག་སྤེལ་གྱི་རེད།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཙེང་ཅན་ལིས་བརྗོད་དོན། “སང་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ། ང་ཚོས་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་དང་དུས་ཚོད་དང་མཚམས་ཚིགས་གལ་ཆེན་སྟངས་འཛིན་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ནུས་ལྡན་ངང་སྤེལ་བའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད” འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་སང་ལོའི་རྟེན་འབྲེལ་མཛད་སྒོར་འཆར་འགོད་དང་ཇུས་འགོད་བྱེད་བཞིན་ཡོད། བསམ་བཀོད་གཙོ་བོ་ནི་སྤྱི་ཚོགས་ཀྱི་ཕྱོགས་ཁག་ཚང་མ་ཞུགས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་འཐབ་ས་དང་པོར་བསྐྱོད་པར་སྐུལ་སློང་བྱས་ཏེ། སློབ་སྦྱོང་ཉམས་ལེན་དང་། བརྗོད་དོན་གཙོ་བོ་སྒྲོག་འགྲེལ། སྔོན་གཤེགས་དཔའ་བོར་རྗེས་དྲན། དྲ་ཐོག་ནས་དྲིལ་བསྒྲགས། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སོགས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། རྒྱལ་གཅེས་ཀྱི་བསམ་པ་སྐུལ་སློང་དང་། རྒྱལ་ཁབ་སྟོབས་ཆེན་གྱི་བློ་སྟོབས་འཕེལ་བར་བྱེད་པ། རྒྱལ་གཅེས་བྱ་སྤྱོད་ལག་ལེན་བསྟར་བ་བཅས་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་བཏོད་ནས། མེས་རྒྱལ་ལ་དགའ་ཞེན་བྱེད་པ་མི་དམངས་ཡོངས་ཀྱི་དད་སེམས་བརྟན་པོ་དང་། བསམ་པའི་སྟོབས་ཤུགས། རང་རྟོགས་ཀྱི་བྱ་སྤྱོད་བཅས་སུ་འགྱུར་བར་བྱེད་ཀྱི་ཡིན།
དྲ་རྒྱ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གཞི་རྟེན་གལ་ཆེན་ཞིག་རེད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ནང་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་འགན་འཁྲི་དང་འོས་འགན་ཁ་གསལ་བཏོན་ཡོད།
ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དྲ་རྒྱའི་ཁྲིམས་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་ལེ་ཡིས་བརྗོད་དོན། དྲ་འཕྲིན་སྡེ་ཚན་གྱིས་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དྲ་རྒྱའི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་སྔར་བས་མཛུབ་ཁྲིད་བྱས་ནས་རྒྱལ་གཅེས་རིང་ལུགས་དང་འབྲེལ་བ་ཡོད་པའི་བརྗོད་དོན་གཙོ་བོ་གལ་ཆེན་དང་། བྱེད་སྒོ་གལ་ཆེན། དོན་རྐྱེན་གལ་ཆེན་སོགས་དྲིལ་བསྒྲགས་འཕྲིན་སྤེལ་སྒྲིག་འཛུགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྣམ་པ་ཟབ་མོ་གཏོད་རྒྱུ་ཡིན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ཀྱི་ནང་དོན་དང་འགལ་བའི་དྲ་རྒྱའི་ཆ་འཕྲིན་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་འབྲེལ་ཡོད་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་བླང་བྱ་དག་དྲ་རྒྱར་དོ་དམ་དང་། དྲ་རྒྱ་གཉེར་སྐྱོང་། དྲ་ཞུགས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཏན་ཏིག་བྱས་ཏེ་དྲ་རྒྱའི་ཁོར་ཡུག་གཙང་ལ་བཟང་བ་དང་དྲང་ནུས་ལྡན་པ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན།
སློབ་གྲྭ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པའི་གཡུལ་ས་གལ་ཆེན་ཞིག་རེད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ནང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཡག་པོ་གཉེར་བ་དང་ཡག་པོ་ཁྲིད་དགོས་པའི་གཏན་འབེབས་བྱས་ཡོད།
སློབ་གསོ་པུའི་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་གཞོན་པ་ཝང་ཏ་ཆོན་གྱིས་བརྗོད་དོན། སློབ་གསོ་པུས་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་དེ་རིགས་ཁག་གི་རིག་ཚན་དང་སློབ་དེབ་ནང་བཅུག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དམིགས་ས་ཡོད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་སློབ་གསོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོ། ཁྲིམས་སྐྱོང་སློབ་གསོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་སོགས་སྤེལ་དགོས།
གཞན་ཡང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་སྤྱི་ཚོགས་ཀྱི་ལག་ལེན་སློབ་གསོའི་རྟེན་གཞི་སྣ་ཚོགས་འཛུགས་སྐྲུན་དང་མཉམ་འདྲེས་ཡོང་བར་བྱས་ཏེ་འགྲེམས་ཁང་མི་སྐྱོང་གི་རྣམ་གྲངས་རྩེ་གྲ་དང་གསར་བརྗེའི་རིག་གནས་དར་སྤེལ་རྟེན་གཞི་བཏོད་དེ། སློབ་མ“འགྲེམས་ཁང་ནང་གི་བསམ་བློ་ཆབ་སྲིད་སློབ་ཚན”དང“ལག་ལེན་ཁྲོད་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན”སོགས་ལ་ཞུགས་པའི་སྒྲིག་འཛུགས་བྱེད་ཀྱི་ཡིན་ཞིང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར“ཆུང་དུས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ནམ་ཡང་ཏང་གི་རྗེས་སུ་འབྲང་བ”དང“བསམ་བློ་གསར་པ་སྦྱངས་ནས་ཤུལ་འཛིན་པ་ཡག་པོ་བྱེད་པ”སོགས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་བའི་མཛུབ་ཁྲིད་བྱས་ཏེ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སྒོ་ནས་སྤེལ་གྱི་རེད། སློབ་གྲྭ་དང་ཁྱིམ་ཚང་དབར་འབྲེལ་གཏུག་དམ་ཟབ་བྱེད་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་བཏོན་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་ཁྱིམ་ཚང་སློབ་གསོར་མཉམ་འདྲེས་ཐུབ་པར་བྱེད་དགོས།
རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ནང་གསར་བརྗེའི་ཐོན་ཁུངས་དང་། རིག་གནས་གནའ་ཤུལ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། རིག་གནས་འགྲེམས་ཁང་སྣ་ཚོགས་སོགས་སྤྱད་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་ཐད་གཏན་འབེབས་ཁ་གསལ་བཟོས་ཡོད། རིག་གནས་དང་ཡུལ་སྐོར་པུའུ་སྲིད་ཇུས་ཁྲིམས་སྲོལ་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ཀྲོའུ་ཅིའུ་ཚའེ་ཡིས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་འཕེལ་རྒྱས་གཏིང་ཟབ་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་སྔར་བས་ཕུན་སུམ་ཚོགས་པ་དང་ཡིད་དབང་འགུག་ནུས་དེ་བས་ཆེ་བའི་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱི་ཡུལ་སྐོར་རྣམ་གྲངས་དང་ཐོན་རྫས་གཏོད་དགོས་ཀྱི་ཡོད་ཅེས་བརྗོད་པ་རེད།
ཀྲོའུ་ཅིའུ་ཚའེ་ཡིས། རིག་གནས་དང་ཡུལ་སྐོར་པུས་རྟེན་མཛོད་ཁང་དང་། དྲན་གསོ་ཁང་། སྤྱི་པའི་དཔེ་མཛོད་ཁང་། རིག་གནས་འགྲེམས་ཁང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་དང་། རིག་གནས་སྒྱུ་རྩལ་ཞིབ་འཇུག་སྒྲིག་གཞི་དང་རིག་རྩལ་ཁང་དང་ཚོགས་པ། རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་དང་བཤམས་སྟོན་འགྲེམས་སྟོན་ཁང་སོགས་ཀྱི་ཐོན་ཁུངས་དང་ལེགས་ཆ་གང་ལེགས་སྤྱད་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དང་། རིག་དངོས་ཀྱི་གསོན་ཤུགས་བེད་སྤྱོད་གང་ལེགས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་ལ་སྐུལ་འདེད་བཏང་བ་བརྒྱུད། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་ཁྲོད་འདུས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སྔོག་འཚོལ་བྱེད་དགོས་ཀྱི་ཡོད་ཅེས་བརྗོད་པ་རེད།