དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཆབ་མདོའི་བུད་མེད་གཅིག་གི་སྒོར་ཁྲི་350ཁ་བསླུས་ཤོར་བ།

    ཉེས་གསོག་དོགས་ཅན་18བཟུང་ནས་གྱོད་འབྲེལ་དངུལ་སྒོར་1255310བདའ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    གསར་འགོད་པས་ཁ་རུབ་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་ཕྱོགས་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། ཆབ་མདོའི་ཀྲེན་ཆེ་གེ་མོ“དོམ་གསོས་བསླུ་བྲིད”ཀྱི་ཁ་བསླུས་རྒྱག་སྟངས་གསར་པ་ཞིག་གི་མགོ་སྐོར་འོག་ཚུད་ནས་དངུལ་སྒོར་3514000ཁ་བསླུས་ཐེབས་ཤིང་། ཁ་རུབ་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས“གྱོད་དོན་སྙན་གསེང་འབྱོར་འཕྲལ་མྱུལ་ཞིབ་བྱས་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་ཁང་གཱ་10བསྡམས་བཅད་བྱས་པ་མ་ཟད། སི་ཁྲོན་ཁྲེང་ཏུའུ་དང་། ཧེ་ལུང་ཅང་ཧར་པིན། ཅང་ཤིས་ཀན་ཀྲོའུ། ཤིན་ཅང་དབྱི་ལི། ཧྲན་ཏུང་ཐའེ་ཨན། ཀོང་ཏུང་ཧུའེ་ཀྲོའུ། ཐེན་ཅིན། ཅང་ཤིས་ཅིའུ་ཅང་། ཁྲུང་ཆིང་། ཧྲེན་ཀྲེན་སོགས་སུ་བསྐྱོད་དེ་ཁྱོན་ཉེས་གསོག་དོགས་ཅན་18བཟུང་བ་དང་གྱོད་འབྲེལ་ལག་ཐོགས་ཁ་པར་7རྩད་ཆོད་ཡོད། མིག་སྔར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་གྱོད་འབྲེལ་མ་དངུལ་1255310བདའ་འདེད་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲེན་ལགས་དུས་རྒྱུན་ཁྱུག་དབྱིངས་ལྟ་རྒྱུར་དགའ་པོ་ཡོད་ལ། ཁྱུག་དབྱིངས་ནས་རང་ཉིད་ཀྱི་རྒྱུན་གཏན་འཚོ་བ་མཉམ་སྤྱོད་བྱ་རྒྱུར་ཡང་ཧ་ཅང་དགའ་པོ་ཡོད། འདི་ལོའི་ཟླ་8པར། ཀོང་ཏུང་བ་ཞེས་འབོད་པའི་ཅ་ཆེ་གེ་མོས་རྒྱུན་དུ་ཀྲེན་ལགས་ཀྱི་ཁྱུག་དབྱིངས་ཀྱི་བརྙན་ལམ་འོག་ཏུ་མོས་བསྟོད་དང་དཔྱད་བརྗོད་སོགས་བྱེད་ཀྱི་ཡོད་ལ། དུས་རྒྱུན་ཀྲེན་ལགས་ལ་སྒེར་འཕྲིན་བསྐུར་གྱི་ཡོད། ཡུན་རིང་སོང་རྗེས། ཀྲེན་ལགས་ཀྱིས་རྒྱུས་མེད་པའི་སྐྱེས་པ་དེར་ཡིད་ཆེས་སྐྱེས། “ང་མལ་ལས་ལངས་པ་ནས་ལས་ཐག་མི་བཅད་བར་ཆུ་ཚོད་13ལས་ཀ་བྱེད་ཀྱི་ཡོད། ཁོ་པས་ཆུ་ཚོད་10དང་11ལྷག་ཙམ་ང་དང་ཁ་བརྡ་གློད་ཀྱི་འདུག”ཅེས་ཀྲེན་ལགས་ཀྱིས་བཤད། དུས་ཚོད་ངེས་ཅན་ཞིག་འབྲེལ་འདྲིས་བྱས་པ་བརྒྱུད། ཅ་ཆེ་གེ་མོས་ཁ་སྙན་ཚིག་སྙན་བཤད་སྟབས། ཀྲེན་ལགས་རྦད་དེ་ཡིད་ཆེས།

    གླེང་མོལ་བྱེད་སྐབས། ཅ་ཆེ་གེ་མོས་ཀྲེན་ལགས་ལ“རྒྱལ་བུན”ཉོས་པའི་ཆ་འཕྲིན་བསྐུར་གྱི་ཡོད། འདི་ལོའི་ཟླ་9ཚེས་7ཉིན་བར་ཅ་ཆེ་གེ་མོས་ཀྲེན་ལགས་ལ་ཁོས་ཉོས་པའི་རྒྱུ་ནོར་བདག་གཉེར་ཐོན་རྫས་དང་དེ་བཞིན་APPངོ་སྤྲོད་བྱས་ཏེ། ཀྲེན་ལགས་དེའི་ནང་འཇུག་རྩིས་བྱས། ཅ་ཆེ་གེ་མོས་ཀྲེན་ལགས་ལ་ཁེ་བཟང་རག་པའི་མཉེན་ཆས་ཡིན་པ་དང་ཁོ་པས་བསླབས་པ་ལྟར་བྱས་ན་ཁེ་བཟང་རག་ལུགས་སྐོར་བཤད། ཀྲེན་ལགས་ཀྱིས་སོམ་ཉི་དང་བཅས་ཅ་ཆེ་གེ་མོས་ངོ་སྤྲོད་བྱས་པའི་སྐད་འཕྲིན་ཚོགས་པར་ཞུགས། “ངས་ཟླ་བ་གཅིག་རིང་ལྟ་ཞིབ་བྱེད་སྐབས། ཚོགས་པའི་ནང་གི་མི་ཚང་མར་ཉིན་ལྟར་སྒོར་ཉིས་བརྒྱ་སུམ་བརྒྱའི་ཤོག་ཆགས་རག་གི་འདུག”ཅེས་ཀྲེན་ལགས་ཀྱིས་བཤད།

    ཟླ་བ་གཅིག་ལྷག་ཙམ་སོང་རྗེས། ཀྲེན་ལགས་རྦད་དེ་ཡིད་ཆེས་ནས་ཅ་ཆེ་གེ་མོས་བཤད་པ་ལྟར“UKSP”APPཕབ་ལེན་བྱས་པ་མ་ཟད། བཀོལ་སྤྱོད་ཀྱི་བརྒྱུད་རིམ་ལྟར་དམིགས་འཛུགས་རྩིས་ཁྲར་དངུལ་བླུགས་ནས“རྒྱལ་བུན”ཐོན་རྫས་ཉོས། “སྒོར་ཁྲི་100བླུགས་ན། ཉིན་གཅིག་ལ་ཁེ་བཟང་སྒོར་900ནས་སྒོར་1000བར་རག་གི་འདུག”དེ་ལྟར་ཀྲེན་ལགས་ཀྱིས་གཟའ་འཁོར་གཅིག་དངུལ་བླུགས་རྗེས་ཁེ་བཟང་ཡག་པོ་རག་པས་མགོ་སྐོར་འོག་ཚུད་པ་མི་ཤེས་པར། འདོད་པ་དེ་བས་ཆེ་རུང་ཕྱིན་ནས་དངུལ་གྲངས་་ཀྱང་མང་དུ་བཏང་སྟེ་ཁེ་བཟང་དེ་བས་མང་བ་རག་ཐབས་བྱས།

    “ཁྲམ་པས་དངུལ་མང་ཉུང་ལ་བལྟས་ནས་དངུལ་བླུགས་སུ་བཅུག་གི་འདུག གལ་སྲིད་དངུལ་མེད་པ་ཤེས་ན། དྲ་ཐོག་ནས་གཡར་དུ་བཅུག་གི་འདུག སྐབས་དེ་དུས་ང་ལ་གདོན་འདྲེ་ཞུགས་པ་ལྟར་གྲོགས་པོའི་ས་ནས་གཡར་བའི་དངུལ་སྒོར་ཁྲི་80ལྷག་ཙམ་ཚང་མ་བླུགས་པ་ཡིན”ཞེས་ཀྲེན་ལགས་ཀྱིས་འགྱོད་པ་ཆེན་པོས་བཤད། ཀྲེན་ལགས་ཀྱིས་དངུལ་བླུགས་ཐེངས་24ལ་ཁྱོན་དངུལ་སྒོར་3514000བླུགས་ཡོད།

    རང་ཉིད་ལ་ཁེ་བཟང་རག་རྗེས། ཀྲེན་ལགས་ཀྱིས་ཡང་བསྐྱར་གྲོགས་མོར་མཉེན་ཆས་འདི་ངོ་སྤྲོད་བྱས། “གྲོགས་མོར་ཡང་ཁེ་བཟང་རག་གི་རེད་སྙམ་ནས་མཉེན་ཆས་དེ་ངོ་སྤྲོད་བྱས་པ་ཡིན། གྲོགས་མོས་མགོ་སྐོར་འོག་ཚུད་ཡོང་ཞེས་ཁ་ཏ་བྱས་ཀྱང་ངས་སྣང་བ་བཏང་མེད”ཁ་རུབ་ཆུས་སྤྱི་བདེ་ཅུས་ལ་དེའི་སྐོར་གྱི་གྱོད་དོན་སྙན་གསེང་མང་པོ་འབྱོར། མི་དམངས་ཉེན་རྟོག་པ་ཀྲེན་ལགས་ཀྱི་ལས་ཀ་བྱ་ཡུལ་དུ་བསྐྱོད་དེ་ཁོ་མོ་མགོ་སྐོར་འོག་ཚུད་པའི་སྐོར་བརྗོད་ཀྱང་། ཁོ་མོས་དངུལ་བུན་སྤྲོད་པར་ཁ་གཡར་ནས་མགོ་སྐོར་འོག་ཚུད་མེད་ལུགས་བཤད། འདི་ལོའི་ཟླ་10ཚེས་24ཉིན་མཁོ་མོས“UKSP”APPཁ་ཕྱེ་མི་ཐུབ་པ་ཤེས་རྗེས། ཁ་རུབ་ཆུས་སྤྱི་བདེ་ཅུས་ལ་སྙན་སེང་ཞུས།

    ཁ་རུབ་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་རན་ཏན་གྱིས“གྱོད་དོན་སྙན་གསེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་དུ་གྱོད་གཞིར་མྱུལ་ཞིབ་བྱས་ནས་གྱོད་འབྲེལ་དངུལ་ཁང་གཱ་10བསྡམས་བཅད་བྱས་པ་ཡིན”ཞེས་བཤད། མི་དམངས་ཉེན་རྟོག་པས་མྱུལ་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་དྲ་ཐོག་བྲོས་བྱོལ་ལ་བརྩིས་པ་དང་། སི་ཁྲོན་ཁྲེང་ཏུའུ་དང་། ཧེ་ལུང་ཅང་ཧར་པིན། ཅང་ཤིས་ཀན་ཀྲོའུ། ཤིན་ཅང་དབྱི་ལི། ཧྲན་ཏུང་ཐའེ་ཨན། ཀོང་ཏུང་ཧུའེ་ཀྲོའུ། ཐེན་ཅིན། ཅང་ཤིས་ཅིའུ་ཅང་། ཁྲུང་ཆིང་། ཧྲེན་ཀྲེན་སོགས་སུ་བསྐྱོད་དེ་ཁྱོན་ཉེས་གསོག་དོགས་ཅན་18བཟུང་བ་དང་གྱོད་འབྲེལ་ལག་ཐོགས་ཁ་པར་7རྩད་ཆོད་ཡོད། མིག་སྔར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་གྱོད་འབྲེལ་མ་དངུལ་1255310བདའ་འདེད་བཏང་ཡོད།

    ཟླ་12ཚེས་5ཉིན། ཀྲེན་ལགས་ཀྱིས་ཁ་རུབ་ཆུས་སྤྱི་བདེ་ཅུས་ལ་གོས་དར་བསྐྱལ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། མིག་སྔར་གྱོད་གཞི་དེ་མུ་མཐུད་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།