དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གྲོང་མིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱས་རྗེས་དཀའ་ངལ་མང་པོ་འཕྲད་ཀྱི་འདུག་ཅེས་བཤད་པ།

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་དེར་མཐོང་ཆེན་པོ་བྱས་ནས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ཏེ་དག་ཐེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    སེར་ཁ་གས་པའི་ཤེལ་སྒོ་དང་ཨར་པོའི་རུ་ཁག་གིས་བཟོ་བཅོས་བརྒྱབ་མེད་པའི་གྱང་།

    བཀྲ་རྣམ་གྱིས་སྒེའུ་ཁུང་གི་ཤེལ་སྒོ་བརྗེས་པའི་བྱུང་འཛིན།

    ཉེ་ཆར་ལྷ་ས་གྲོང་ཁྱེར་མཐུན་སྒྲིལ་གྲོང་གསར་གྱི་སྡེ་ཁུལ་དུ་སྡོད་མཁན་བཀྲ་རྣམ་གྱིས་འདི་ག་ཚགས་པར་གྱི་གསར་འགྱུར་ཐད་སྦྲེལ་ཁ་པར་བརྒྱབ་ནས་བརྗོད་དོན། མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་དུ་2021ལོ་ནས་བཟུང་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་འགོ་བཙུགས་པ་དེ་ནི་དམངས་ལ་ཕན་པའི་བྱ་བ་བཟང་པོ་ཞིག་རེད། འོན་ཀྱང་སྒྱུར་བཀོད་བྱས་རྗེས་སྡེ་ཁུལ་གྱི་དུད་ཚང་མང་པོ་ཞིག་གི་ཤེལ་སྒོའི་གསིང་ནས་ལྷགས་པ་རྒྱག་པ་དང་། ཆར་ཆུ་འཛུལ་བ། གསང་སྤྱོད་ཀྱི་ཐོག་པང་ཟགས་པ། འཁྲུད་ཁང་གི་སྒྲིག་ཆས་མ་ཚང་བ་སོགས་ཀྱི་གནས་ཚུལ་ཐོན་ནས་གྲོང་མི་ཚོས་གྲོང་མི་ཨུ་ལྷན་ལ་སྙན་སེང་ཐེངས་མང་ཞུས་ཀྱང་འབྲས་བུ་གང་ཡང་ཐོན་མ་སོང་། འུ་ཐུག་ནས་ངས་སྨྱན་སྦྱོར་གྱི་ལམ་ནས་དོན་དག་འདི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་ལ་སྙན་སེང་ཞུས་ཏེ་གཙོ་འགན་སྡེ་ཚན་ལ་རོགས་རམ་བྱེད་རོགས་ཞུ་གི་ཡིན།

    ཤེལ་ཁྲའི་སྤུས་ཚད་ཡག་པོ་མེད་པའི་སེམས་ཁྲལ་བྱེད།

    གྲོང་མི་ཨུ་ལྷན་གྱིས་ངང་རྒྱུད་རིང་པོས་སྒུག་དགོས་པའི་རེ་བ་བཏོན་པ།

    ཟླ་11ཚེས་22ཉིན་གསར་འགོད་པར་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་སྟར་པ་9པའི་ཚན་པ་3པ་ནས་བཀྲ་རྣམ་ཕྲད་བྱུང་། ཁོང་གིས་མཐུན་སྒྲིལ་གྲོང་གསར་གྱི་སྡེ་ཁུལ་དུ་2021ལོ་ནས་བཟུང་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་འགོ་ཚུགས་པ་རེད། སྒྱུར་བཀོད་བྱེད་སྐབས་ཨར་པོ་རྒྱག་མཁན་ཕྱོགས་ཀྱིས་ཁང་པའི་ནང་གི་ཉི་གཡབ་ཀྱི་ཤེལ་ཁྲ་དང་ལྕགས་དྲ་ཚང་མ་བཤིགས་སོང་། ཉིན་གཉིས་སོང་རྗེས་གཞི་ནས་ཤེལ་ཁྲ་གསར་པ་བསྒར་སོང་། ཉིན་གཉིས་རིང་བཀྲ་རྣམ་ཁྱིམ་གྱི་གང་ས་ནས་ལྷགས་པ་འཛུལ་ཡོང་གི་ཡོད། དེས་མ་ཚད་ཨར་པོ་རྒྱག་མཁན་ཕྱོགས་ཀྱིས་བཀྲ་རྣམ་ཁྱིམ་གྱི་སྔོན་མ་ཉི་གཡབ་ཏུ་བཏིངས་པའི་པང་གཅལ་བཀོག་པ་མ་ཟད། ད་བར་བསྒར་མ་བྱུང་ཞེས་གསར་འགོད་པར་བཤད་བྱུང་།

    “ཨར་པོ་རྒྱག་མཁན་ཕྱོགས་ཀྱིས་ཤེལ་ཁྲ་གསར་པ་བསྒར་ནས་གཟའ་འཁོར་གཅིག་སོང་རྗེས་སྐྱོན་ཤོར་སོང་། མཐར་ངས་དངུལ་བཏང་ནས་ཉི་གཡབ་ཀྱི་གཡས་གཡོན་གྱི་ཤེལ་སྒོ་བརྗེས་དགོས་འཁེལ་བྱུང”བཀྲ་རྣམ་གྱིས་ཉི་གཡབ་དཀྱིལ་གྱི་ཤེལ་ཁྲར་མཛུབ་མོ་འཛུགས་བཞིན་གསར་འགོད་པར་མིག་སྟོན་སྐབས་ཤེལ་སྒོ་དེར་སེར་ཁ་ཆེན་པོ་གས་ནས་ཆག་ཆོག་ཆོག་ཡིན་པ་གསར་འགོད་པས་མཐོང་བྱུང་། བཀྲ་རྣམ་གྱིས་ཤེལ་ཁྲ་བརྟན་པོ་བསྒར་མེད་པས་རྟག་ཏུ་ཁྱིམ་དུ་ལྷགས་པ་འཛུལ་ཡོང་གི་འདུག ལྷག་པར་དུ་ཆར་པ་འབབ་སྐབས་ཆར་ཆུ་སེར་ཁའི་གསིང་ནས་འཛུལ་ཡོང་གི་འདུག་པས་རྙོག་དྲ་ཆེན་པོ་འདུག་ཅེས་བཤད།

    “ཐོག་མར་སྒྱུར་བཀོད་བྱེད་སྐབས་གྲོང་མི་ཨུ་ལྷན་གྱིས་དུད་ཚང་ཚང་མར་དངུལ་ཏོག་ཙམ་བསྡུ་དགོས་པའི་བརྡ་ཐོ་བཏང་བྱུང་། ང་སྡོད་སའི་ཁང་པ་ཆུང་ཆུང་ཡིན་པས་ཁྱོན་སྒོར་1980བསྡུས་པ་ཡིན། སྐབས་དེ་དུས་དངུལ་མང་པོ་སྤྲད་མེད་ཀྱང་ཕྱིས་སུ་ང་ཚོས་ཤེལ་སྒོ་བརྗེས་པ་དང་ལྕགས་དྲ་བསྒར་བར་དངུལ་མི་ཉུང་བ་ཞིག་བཏང་བ་ཡིན”ཞེས་བཀྲ་རྣམ་གྱིས་བརྗོད་པ་དང་། ཁོང་གིས་ང་ཚོས་རྟག་ཏུ་གྲོང་ལྷན་ལ་གནད་དོན་སྙན་སེང་ཞུ་གི་ཡོད། གྲོང་ལྷན་གྱིས་རྟག་ཏུ་ང་ཚོར་ལན་ཧུར་ཐག་བརྒྱབ་པ་མ་ཟད། དོ་བདག་ཚོགས་པའི་ནང་དུའང་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་གི་འདུག ཡིན་ནའང་རྟག་ཏུ་མི་འགའ་ཤས་ཡོང་ནས་རིང་ཚད་འཇལ་ཙམ་དང་པར་རྒྱག་ཙམ་བྱས་ནས་བྲེལ་འཚུབ་ངང་འགྲོ་གི་འདུག ང་ཚོའི་དངོས་ཡོད་གནད་དོན་ད་བར་ཐག་གཅོད་གཏན་ནས་ཐུབ་མ་སོང་ཞེས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། གྲོང་མི་ཚོས་བརྗོད་པའི་སྒེའུ་ཁུང་གི་ཤེལ་ཁྲ་བརྗེ་བ་སོགས་ཀྱི་གནད་དོན་ཐད་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྲོང་ལྷན་གྱིས་སྒེའུ་ཁུང་གི་ཤེལ་ཁྲ་ལྗོངས་ཕྱི་ནས་བཟོས་ཏེ་བསྐུར་དགོས་པས་དབོར་འདྲེན་དུས་ཚོད་ཏོག་ཙམ་འགོར་གྱི་ཡོད་སྟབས་གྲོང་མི་ཚོས་ངང་རྒྱུད་རིང་པོས་སྒུག་པའི་རེ་བ་ཡོད་ཅེས་འགྲེལ་བཤད་བརྒྱབ།

    གནད་དོན་གཅིག་རྗེས་གཉིས་མཐུད་དུ་ཐོན་པ།

    གྲོང་མི་འུ་ཐུག་ནས་སྨྱན་སྦྱོར་ལ་རོགས་རམ་བྱེད་རོགས་ཞུས་པ།

    བཀྲ་རྣམ་སེམས་སྐྱིད་པོ་མེད་དོན་ནི་ཉི་གཡབ་ཀྱི་ཤེལ་ཁྲའི་ཤེལ་སྒོ་ཙམ་ག་ལ་ཡིན། སྐབས་དེ་དུས་ཁང་པའི་ནང་ལོགས་མཛེས་བཟོ་བྱེད་སྐབས་ཨར་པོ་རྒྱག་མཁན་ཕྱོགས་ཀྱིས་ཁྱིམ་གྱི་གསང་སྤྱོད་ཚང་མ་བཤིགས་ནས་ཉམས་གསོ་བྱེད་མཁན་མེད་པར་ལོ་ཕྱེད་ཙམ་ལུས། ཁོང་གིས་ལོ་ཕྱེད་ཙམ་རིང་ང་ཚོ་ནང་མི་ཁྱིམ་དུ་གསང་སྤྱོད་སྤྱོད་ཐབས་མེད་པ་མ་ཟད་གཟུགས་པོའང་འཁྲུད་ས་མེད། ཉིན་ལྟར་སྡེ་ཁུལ་གྱི་སྤྱི་པའི་གསང་སྤྱོད་དུ་འགྲོ་དགོས་བྱུང་ཞེས་བཤད། བཀྲ་རྣམ་གྱི་ཨ་མ་རྐང་པ་ཐང་པོ་མེད་ནའང་ཉིན་ལྟར་རྡོ་སྐས་མང་པོ་འཛེག་དགོས་ཀྱི་ཡོད། མཐར་སྡེ་ཁུལ་གྱི་གྲོང་མི་ཚོས་རེ་བ་ནན་པོ་བཏོན་མཐར་ཨར་པོ་རྒྱག་མཁན་ཕྱོགས་ཀྱིས་གཞི་ནས་གསང་སྤྱོད་བཟོ་བཅོས་བརྒྱབ་པ་རེད།

    དེ་རྗེས་བཀྲ་རྣམ་ལ་སླར་ཡང་གནད་དོན་གསར་པ་ཞིག་ཕྲད་ཅིང་། ཨར་པོའི་རུ་ཁག་གིས་ཡང་བསྐྱར་སྒྲིག་སྦྱོར་བྱས་པའི་གསང་སྤྱོད་ཀྱི་ཆབ་གཞོང་ནས་ཆུ་གློད་རིམ་བཞིན་ཆུ་འཛག་གི་ཡོད་པ་དང་། དེ་གོང་བཤིགས་པའི་ལུས་འཁྲུད་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱས་མེད་པས་ནང་མི་ཚང་མ་སྔར་རྒྱུན་བཞིན་གསང་སྤྱོད་སྤྱོད་ཐབས་མེད། བཀྲ་རྣམ་འུ་ཐུག་སྟེ་གསང་སྤྱོད་ཀྱི་ཆུ་འཛག་ས་སོ་སོས་མི་འགོག་ཐབས་མེད་དུ་གྱུར། འོན་ཀྱང་ཐོག་ཁ་ནས་གསང་སྤྱོད་ཀྱི་ཆུ་གློད་སྐབས་བཀྲ་རྣམ་ཁྱིམ་ལ་འཛེར་སྒྲ་ཆེན་པོ་ཐོས་ཀྱི་ཡོད།

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་མཐོང་ཆེན་པོ་བྱས་པ།

    གནད་དོན་ལ་དམིགས་ཏེ་ཚན་པ་སྒྲིག་འཛུགས་ཀྱིས་དག་ཐེར་བྱས་པ།

    གནས་ཚུལ་ཤེས་རྟོགས་བྱུང་རྗེས། གསར་འགོད་པས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དང་འབྲེལ་བ་བྱས་པ་ཡིན། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གྲོང་ཁྱེར་འཛུགས་སྐྲུན་ཁྲུའི་འབྲེལ་ཡོད་ལས་དོན་པས། འདི་ག་ཚགས་པར་གྱིས་སྤེལ་བའི་མཐུན་སྒྲིལ་གྲོང་གསར་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་གནད་དོན་ལ་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་མཐོང་ཆེན་པོ་བྱས་ནས། འཕྲལ་མར་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ལ་ཞིབ་དཔྱད་བྱེད་དུ་བཅུག་པ་དང་འབྲེལ་གནས་ཚུལ་ཁག་གཅིག་དོན་དངོས་དང་མཐུན་ཡོད་མེད་ལ་བརྟག་དཔྱད་ཀྱང་བྱེད་དུ་བཅུག་ཡོད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ནས་བཟུང་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་འཛུགས་སྐྲུན་མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་20.3བཏང་ནས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱས་པ་ལས་ལྷ་ས་གྲོང་ཁྱེར་གྱི་ཁུལ་ཆུང་རྙིང་པ་48ཚུད་ཡོད། མཐུན་སྒྲིལ་གྲོང་གསར་གྱི་ཉེ་འཁོར་དུ་ཡོད་པའི་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་རྣམ་གྲངས་ནི་2021ལོའི་ཟླ་དགུ་པར་ལས་འགོ་ཚུགས་པ་དང་2022ལོའི་ཟླ་གསུམ་པར་ལས་མཇུག་འགྲིལ་བ་རེད།

    ལས་མཇུག་འགྲིལ་སྐབས་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྲོང་མི་ཨུ་ལྷན་དང་ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཇུས་འགོད་དང་། ལྟ་སྐུལ། ཨར་པོ་རྒྱག་མཁན་སོགས་སྡེ་ཚན་ཐེངས་གཉིས་མངགས་ནས་རྩིས་ལེན་དུ་བཅུག་པ་མ་ཟད། སྟར་པ་རེའི་དུད་ཚང་ཚང་མའི་གྲོང་མིའི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གྲོང་ཁྱེར་འཛུགས་སྐྲུན་ཁྲུའི་ལས་དོན་པས། མིག་སྔར་མཐུན་སྒྲིལ་གྲོང་གསར་དུ་གནས་པའི་གནད་དོན་ལ་དམིགས་ཏེ། ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྲོང་ལྷན་དང་མཉམ་དུ་གྲོང་མི་སྒྲིག་འཛུགས་བྱས་ནས་བསམ་འཆར་འདོན་པའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་པ་དང་། ཨར་པོ་རྒྱག་མཁན་ཚན་པ་སླར་ཡང་སྒྲིག་འཛུགས་བྱས་ནས་་གནད་དོན་ལ་སྔར་བས་མཐིལ་རྟོགས་དང་གསེད་བཀྲོལ་བྱས་ཏེ་གནད་དོན་དག་ཐེར་གྱི་གསལ་ཐོ་བཟོས་པ་རེད། གསལ་ཐོར་གཞིགས་ན། ཉེ་དུས་རྣམ་གྲངས་སྐྲུན་མཁན་ཚན་པ་སྒྲིག་འཛུགས་བྱས་ཏེ་སླར་ཡང་དག་ཐེར་བྱས་ནས་གྲོང་མིའི་སྡོད་ཁང་གི་སྤུས་ཚད་དང་ཆ་རྐྱེན་ལེགས་སུ་གཏོང་གི་ཡོད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཀྱང་གྲོང་ཁྱེར(ས་ཁུལ)ཁག་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་མཐིལ་རྟོགས་བརྟག་དཔྱད་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། ཚང་བཤེར་ཆད་གསབ་དང་དག་ཐེར་བྱེད་དགོས་རིགས་དག་ཐེར་བྱེད་པའི་རྩ་དོན་གཞིར་བཟུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་འབྲེལ་ཡོད་བླང་བྱ་ལྟར་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་སྒྱུར་བཀོད་ཀྱི་དགོས་མཁོ་གསེད་བཀྲོལ་བྱས་ཁར་རྣམ་གྲངས་མཛོད་གྲབས་གསོག་བྱས་ནས། 2025ལོའི་སྒྱུར་བཀོད་འཆར་གཞི་སྔ་སྣུར་དུ་བཟོས་ཏེ་གྲོང་མི་ཚོ་སྡོད་ཁང་དུ་སྟབས་བདེ་ལ་སྣང་བ་སྐྱིད་པོའི་ངང་སྡོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།