དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཞིང་འབྲོག་ཐོན་ལས་དར་ཞིང་རྒྱས། ཞིང་འབྲོག་མང་ཚོགས་བདེ་ཞིང་སྐྱིད།

    —— རང་ལྗོངས་ཀྱིས་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    ཞིང་ལས་ནི་རྒྱལ་ཁབ་འཛུགས་སྐྱོང་གི་རྩ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྨང་གཞི་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས“དོན་ཆེན་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས“འབྲུ་རིགས་བརྟན་པོ་དང་། འབྲོག་ལས་དར་བ། ཁྱད་ལྡན་སྟོབས་ཆེན”བཅས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    1 ཚད་མཐོའི་ས་ཞིང་འཛུཌ་སྐྲུན་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དེ་འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    2019ལོ་ནས་བཟུང་གྲོང་ཁྱེར་དང་། རྫོང་། ཆུས་བཅས་ཀྱི་ལེ་ལག་ཚང་བའི་མ་དངུལ་སྒོར་དུང་ཕྱུར་2.61(རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་21.05བཏང་བ)བཏང་ནས། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་76.04བསྐྲུན་པ་དེས་རྨོ་ཞིང་གི་སྤྱིའི་རྒྱ་ཁྱོན་གྱི་50.96%བཟུང་བ་དང་། ཐན་སྐྱོན་བྱུང་སླ་བ་དང་། ཆུ་ལོག་ཐོན་སླ་བ། འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཀྱི་ས་ཞིང་སྒྱུར་བཀོད་ནུས་ལྡན་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱི་བྱེད་སྟངས་ནི་ལྗོངས་ཡོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཤུགས་ཆེན་བྱས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དུ་གཅིག་སྡུད་ཡུག་སྦྲེལ་དང་། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ། ཐོན་འབབ་མཐོ་བ་དང་བརྟན་པ། སྐྱེ་ཁམས་མཛའ་མཐུན། འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ལ་འཚམ་པ་བཅས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་སྔོན་ལ་བསྐྲུན་པ་དང་། 2023ལོའི་ལོ་འཁོར་གྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་གྲོང་ཁྱེར་6དང་རྫོང་དང་ཆུས་42ལ་ཁྱབ་པ་དང་། ས་ཞིང་མུའུ་ཁྲི་21གསར་སྐྲུན་དང་མུའུ་ཁྲི་39སྒྱུར་བཀོད་རིམ་སྤོར་བྱས་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ཐད་ཀའི་ཁ་གསབ་མ་དངུལ་སྒོར་ཁྲི་124342དོན་འཁྱོལ་བྱས་པ། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་422བསྐྲུན་པ་དེས་རྨོ་ཞིང་གི་རྒྱ་ཁྱོན་གྱི་63.64%བཟུང་ནས། ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ནུས་ལྡན་ཕྱིན་ཡོད་པ་རེད།

    2 གྲོང་གསེབ་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོར་སྐྱོད་སྐབས་ཡུག་གཅིག་ཏུ་སྦྲེལ་བའི་དཔལ་འབྱོར་ལོ་ཏོག་གིས་ཡིད་དབང་རབ་ཏུ་འཕྲོག ལོ་ཤས་འཕེལ་རྒྱས་བཏང་བ་བརྒྱུད། གྲོང་ཚོའི་སྔར་ཡོད་ཀྱི་མུའུ་65ཡི་ཁམ་བུའི་རྟེན་གཞིའི་རྨང་གཞིའི་ཐོག རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས་ད་ཆ་མུའུ་ཁྲི་2ལྷག་ཙམ་ཟིན་པའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་ཐོན་ལས་གླིང་བསྐྲུན་ཡོད། ལྷ་ས་གྲོང་ཁྱེར་གྱི་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་ཐོན་ལས་གླིང་ཐོག་མའི་ངོས་ནས་ཆུ་ཤུར་རྫོང་གིས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྤེལ་ཁུལ་དང་རྒྱལ་ཁབ་ཀྱི་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་རེད།

    ཐོན་ལས་གླིང་གིས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་། རང་སྐྱོང་ལྗོངས་ཚན་རྩལ་ཐིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་བཅས་དང་མཉམ་ལས་གཏིང་ཟབ་བྱས་ནས། ཐོན་ལས་བཟོ་པ་དང་ཞིང་འབྲོག་མང་ཚོགས་སློབ་གླིང་དུ་གསོ་སྐྱོང་བྱེད་པར་བཏང་སྟེ་བྱང་ཚད་མཐོ་བའི་ཞིང་འབྲོག་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད། 2022ལོ་ཁོ་ནར་བྱང་ཚད་མཐོ་བའི་ཞིང་འབྲོག་པ་200ལྷག་ཙམ་གསོ་སྦྱོང་བྱས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོ་ཁོ་ནར་གླིང་གིས་ཞིང་འབྲོག་མང་ཚོཌ་གླ་པ་508བསྡུས་པར་རིམ་རྩིས་བྱས་ན། ཁོང་ཚོར་ཡོང་འབབ་སྒོར་ཁྲི་1043རག་པ་རེད།

    2023ལོར་ལྗོངས་ཡོངས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྱོན་11803ཡོད་པའི་ནང་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་138དང་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་མཉམ་ལས་ཁང་168ཡོད་པ་དང་། མཉམ་ལས་ཁང་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་དང་དེ་བཞིན་ཞིང་ལས་ཐོན་རྫས་ལས་སྣོན་དང་མི་རིགས་ལག་ཤེས་བཟོ་ལས་སོགས་ལས་རིགས་མང་པོ་ཞིག་ལ་ཁྱབ་ཡོད། 2023ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་མཉམ་ལས་ཁང་ནང་ཞུགས་པའི་ཞིང་འབྲོག་དུད་ཚང་ཁྲི་29.75དང་མི་ཁྲི་117.3ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6190ཟིན་པ་དེ་དུས་མཚུངས་ལས་སྒོར་485འཕར་བ་དང་རྒྱ་ཆར་ཕབ་ན་8.5%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པ་ཡིན་པ་རེད།

    3 ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཇེ་ལེགས་དང་སྟོབས་ཆེར་བཏང་བ།

    ད་ལོའི་ཟླ་10ཚེས་10ཉིན། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས“བོད་དུ་སྐྱོད་པའི”ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་གན་རྒྱ་འཇོག་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། ལྗོངས་ཕྱིའི་སྣེ་འདྲེན་ཁེ་ལས་16གིས་འབྲེལ་ཡོད་གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས་བཅས་དང་འཐབ་ཇུས་སྒྲོམ་གཞི་དང་། རྣམ་གྲངས་དོན་འཁྱོལ། ཐོན་རྫས་བྲིན་ཚོང་སོགས་ལ་མཉམ་ལས་ཀྱི་འདོད་མཐུན་བྱུང་བ་དང་། ས་གནས་ས་ཐོག་ཏུ་གྲོས་མཐུན་8བཞག་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.5བཏང་བ་རེད།

    2023ལོར་བོད་ལྗོངས་འགྲེམས་ཚོགས་དང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས“བོད་དུ་སྐྱོད་པའི”བྱེད་སྒོར་རིམ་རྩིས་བྱས་ན་ཞིང་འབྲོག་ཐོན་ལས་མཉམ་ལས་རྣམ་གྲངས་14ལ་མིང་རྟགས་བཀོད་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་21.34ཟིན་ཞིང་། ནས་དང་། བོད་ལུག བོད་ཕག བོད་བྱ། ཇ་ལོ། རྒུན་ཆང་། ཤ་མོ་སོགས་ཁྱབ་ཁོངས་མང་པོར་འབྲེལ་བ་ཡོད་པ་རེད།

    གོམ་ཞེང་ཆེན་པོས་རྒྱང་ལམ་གསར་པར་སྐྱོད། ལྗོངས་ཡོངས་ཀྱིས་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས། ནས་དང་། འབྲི་གཡག བོད་ལུག བོད་ཕག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད་པ་དང་། ཐོན་ལས་དར་རྒྱས་དང་འཚོ་བ་འབྱོར་ཕྱུག་གི་མི་སེམས་འགུལ་བའི་རི་མོ་ཞིག་རེ་བས་ཁེངས་པའི་ས་གཞིར་འབྲི་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།