ལྷ་སའི་རླངས་འཁོར་འཇོག་ས་ཁག་གཅིག་གིས་ཡང་སྙིང་འཇོག་གླ་བསྡུ་བའི་ཚད་གཞི་གསར་པ་ལག་ལེན་བསྟར་ཡོད་དམ།
འདི་ནི་ཧྲེན་ལིས་དུས་རབས་ཐང་ཆེན་གྱི་རླངས་འཁོར་འཇོག་ས་ཡིན་པ།
འདི་ནི་ཏ་ཡང་རིག་ནུས་ཕྱོགས་བསྡུས་རླངས་འཁོར་འཇོག་ས་ཡིན་པ།
འདི་ནི་རྫོང་རྒྱབ་ཀླུ་ཁང་གི་རླངས་འཁོར་འཇོག་ས་ཤར་མ་ཡིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་འཇོག་གླ་བསྡུ་བའི་ཚད་གཞི་གསར་པར་གྲོང་མི་ཚོས་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད། ཀློག་པ་པོས་བོད་ལྗོངས་ཚོང་འཕྲིན་གྱི་སྐད་འཕྲིན་སྤྱི་རྟགས་ཀྱི་རྒྱབ་སྟེགས་སུ་རླངས་འཁོར་འཇོག་ས་ཁག་གཅིག་གིས་འཇོག་གླ་བསྡུ་བའི་ཚད་གཞི་གསར་པ་ལག་ལེན་བསྟར་མི་འདུག་པས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་མཐོང་ཆེན་གནང་ནས་བྱ་ཐབས་སྤྱད་དེ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་རེ་བ་ཡོད་ཅེས་ལན་བཞག་འདུག འོ་ན་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་འཇོག་གླ་བསྡུ་བའི་ཚད་གཞི་ལག་ལེན་བསྟར་ཚུལ་གང་འདྲ་ཡོད་མེད་ལ་གསར་འགོད་པས་ལྷ་སའི་རླངས་འཁོར་འཇོག་ས་ཆེ་གྲས་ཁག་ཏུ་དངོས་སུ་བསྐྱོད་ནས་བཅར་འདྲི་བྱས་པ་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་12ཚེས་5ཉིན། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་འཇོག་གླ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས་རླངས་འཁོར་འཇོག་སའི་འཇོག་གླ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱས་པ་རེད། ཚད་གཞི་གསར་པའི་ནང་རིགས་དང་པོའི་ཁུལ་དང་། རིགས་གཉིས་པའི་ཁུལ། རིགས་གསུམ་པའི་ཁུལ་བཅས་ཀྱི་འཇོག་གླ་བསྡུ་བའི་ཚད་གཞི་གཏན་འཁེལ་བྱས་པའི་དམིགས་ཡུལ་ནི། རླངས་འཁོར་འཇོག་སའི་འཇོག་གླ་བསྡུ་བའི་ཚད་གཞི་ཚད་ལྡན་དུ་བཏང་ནས་གྲོང་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད་རེད། གྲོང་མིས་བཏོན་པའི་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་འཇོག་གླ་བསྡུ་བའི་ཚད་གཞི་ལག་ལེན་བསྟར་བར་དམིགས་ཏེ་གསར་འགོད་པས་བཅར་འདྲི་དང་བརྟག་དཔྱད་བྱས་པ་ཡིན།
བཅར་འདྲི་བྱེད་སྐབས་རླངས་འཁོར་འཇོག་སའི་དོ་དམ་པ་ཁག་གཅིག་གིས། ང་ཚོར་བརྡ་ཐོ་འབྱོར་ཡང་འཇོག་གླར་བཟོ་བཅོས་རྒྱག་ཁོམ་མ་བྱུང་ཞེས་བཤད་པ་དང་། ཡང་རླངས་འཁོར་འཇོག་ས་ཁག་གཅིག་གི་དོ་དམ་པས། ང་ཚོས་ཚད་གཞི་གསར་པ་གཞིར་བཟུང་རླངས་འཁོར་འཇོག་གླ་བསྡུས་པ་ཡིན། འོན་ཀྱང་སྤྱི་བསྒྲགས་བྱང་བུ་བརྗེས་མེད་པས་གྲོང་མི་ཚོས་འཇོག་གླ་བསྡུ་བའི་ཚད་གཞི་ལག་བསྟར་བྱས་མི་འདུག་སྙམ་འདུག་ཅེས་བཤད། ད་དུང་རླངས་འཁོར་འཇོག་ས་ཁ་ཤས་ཀྱི་དོ་དམ་པས། སྒྲིག་ཆས་ཀྱིས་རྐྱེན་པས་ང་ཚོས་གནས་སྐབས་ཚད་གཞི་གསར་པ་ལྟར་འཇོག་གླ་བསྡུ་ཐབས་མི་འདུག་ཅེས་བཤད།
གསར་འགོད་པ་ཁྲེང་ཀོན་ཆུས་སེ་ར་དཀྱིལ་ལམ་གྱི་ཀན་ལུའུ་ཐོག་བརྩེགས་ཁང་ཆེན་གྱི་རླངས་འཁོར་འཇོག་སར་སླེབས་སྐབས་སྡེ་ལས་ཀྱི་འགན་འཁུར་བ་ཝང་ཅུས་ཧྲེང་གིས། རླངས་འཁོར་འཇོག་ས་འདི་རིགས་གཉིས་པའི་ཁོངས་སུ་གཏོགས་པ་དང་མིག་སྔར་འབྲེལ་ཡོད་འགྲོ་ལུགས་གཉེར་བཞིན་ཡོད། སྔོན་དཔག་བྱས་ན་གཟའ་འཁོར་འདིའི་ནང་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་འཇོག་གླ་བསྡུ་བའི་སྲིད་ཇུས་གསར་ཤོས་ལག་བསྟར་ཐུབ་རྒྱུ་རེད་ཅེས་གསར་འགོད་པར་བཤད་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། ཀན་ལུའུ་ཐོག་བརྩེགས་ཁང་ཆེན་དུ་རླངས་འཁོར་འཇོག་ས་153ཡོད་པའི་ནང་ས་ངོས་སུ་རླངས་འཁོར་འཇོག་ས་53དང་ས་འོག་ཏུ་རླངས་འཁོར་འཇོག་ས་100ཡོད་པ་རེད། དེ་གོང་གི་འཇོག་གླ་བསྡུ་བའི་ཚད་གཞི་ནི་ཉིན་མོ་ཆུ་ཚོད་རེར་སྒོར་3ཡིན་པ་དང་མཐོ་ཤོས་ལ་སྒོར་13ལས་བརྒལ་གྱི་མེད་པ་དང་། མཚན་མོ་ཆུ་ཚོད་རེར་སྒོར་2དང་མཐོ་ཤོས་ལ་སྒོར་6ལས་བརྒལ་གྱི་མེད་པ་རེད། ལྷ་ས་གྲོང་ཁྱེར་གྱི་གཏན་འབེབས་གསར་ཤོས་ལ་གཞིགས་ན། རིན་གོང་ལེགས་སྒྲིག་བྱས་རྗེས་ཀྱི་འཇོག་གླ་བསྡུ་བའི་ཚད་གཞི་ནི་ཉིན་མོ་ཆུ་ཚོད་རེར་སྒོར་3དང་ཚད་གཞི་མཐོ་ཤོས་ལ་སྒོར་24ཡིན་པ་དང་། མཚན་མོ་ཆུ་ཚོད་ཕྱེད་ཀ་ནང་ཚུན་དུ་རིན་པ་མི་བསྡུ་བ་དང་གལ་ཏེ་ཆུ་ཚོད་གཅིག་ཡོལ་ཚེ་ཆུ་ཚོད་རེར་སྒོར་1དང་མཐོ་ཤོས་ལ་སྒོར་3ཡིན་པ་རེད།
ཁྲེང་ཀོན་ཆུས་ཉང་བྲན་ལམ་ཏ་ཡང་རིག་ནུས་རླངས་འཁོར་འཇོག་སའི་དོ་དམ་པ་བསྟན་འཛིན་དབང་ཆེན་གྱིས་གསར་འགོད་པར། རླངས་འཁོར་འཇོག་ས་འདི་རིགས་དང་པོའི་ཁོངས་སུ་གཏོགས་ཀྱི་ཡོད། མིག་སྔར་ཕྱོགས་བསྡུས་རླངས་འཁོར་འཇོག་ས་129དང་སྤྱིར་བཏང་རླངས་འཁོར་འཇོག་ས་68ཡོད། ཟླ་12ཚེས་5ཉིན་བརྡ་ཐོ་གསར་ཤོས་འབྱོར་རྗེས་རླངས་འཁོར་གྱི་འཇོག་གླར་བཟོ་བཅོས་བརྒྱབ་པ་དང་འཇོག་གླ་ཡོངས་བསྒྲགས་བྱང་བུ་ད་ལྟ་བཟོ་བཞིན་ཡོད། མིག་སྔར་ནུས་རྒྱུ་གསར་པའི་རླངས་འཁོར་བཞག་ཚེ་རིན་གོང་ཕྱེད་ཀ་ལས་སྤྲོད་མི་དགོས་ལ། རླངས་འཁོར་ལ་གློག་གསོག་སྐབས་ཆུ་ཚོད་གཉིས་ནང་རིན་པ་སྤྲོད་དགོས་ཀྱི་མེད་ཅེས་བཤད།
“མིག་སྔར་རྫོང་རྒྱབ་ཀླུ་ཁང་གི་རླངས་འཁོར་འཇོག་ས་ཤར་མར་རླངས་འཁོར་འཇོག་ས་125ཡོད་པ་དང་། ཟླ་12ཚེས་6ཉིན་ནས་བཟུང་འཇོག་གླ་བསྡུ་བའི་ཚད་གཞི་གསར་པ་ལག་ལེན་བསྟར་འགོ་ཚུགས་ཡོད། འོན་ཀྱང་འཇོག་གླ་བསྡུ་བའི་ཚད་གཞི་ཡོངས་བསྒྲགས་བྱང་བུ་ད་དུང་བརྗེ་ཁོམ་མ་བྱུང”ཞེས་འཇོག་གླ་བསྡུ་མཁན་པད་མ་ལྷ་སྐྱིད་ཀྱིས་བཤད།
གནད་དོན་དེ་དག་ལ་དམིགས་ནས་གསར་འགོད་པས་བོད་ལྗོངས་ཆི་ཧེང་ཁེ་ལས་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་བློ་བསྟན་ལ་བཅར་འདྲི་བྱས་པ་ཡིན། བློ་བསྟན་གྱིས་གསར་འགོད་པར་ཟླ་12ཚེས་5ཉིན་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་འཇོག་གླ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》འབྱོར་རྗེས། གཉེར་སྐྱོང་བྱེད་བཞིན་པའི་རླངས་འཁོར་འཇོག་ས་ཁག་30ལ་དམིགས་ཏེ། ཀུང་སིས་འཕྲལ་མར་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་སྒྲིག་ཆས་བཟོ་གྲྭ་དང་སྦྲེལ་མཐུད་ཀྱིས་རླངས་འཁོར་འཇོག་གླ་བསྡུ་བའི་ཚད་གཞི་གསར་པ་དུས་ཐོག་ཏུ་བཟོས་པ་དང་འབྲེལ། ཉིན་དེར་འཇོག་གླ་བསྡུ་བའི་མ་ལག་26གསར་བརྗེས་བྱས་པ་རེད། ལྷ་ས་གྲོང་ཨུད་དང་། ཧའེ་ཁྲེང་སློབ་ཆུང་། སློབ་འབྲིང་དང་པོ། གཞོན་ནུ་ལོ་ཆུང་ཕོ་བྲང་བཅས་ཀྱི་ས་འོག་རླངས་འཁོར་འཇོག་སར་ཕྱོགས་གསུམ་པའི་གཉེར་སྐྱོང་ཚན་པས་སྒྲིག་སྦྱོར་བྱས་པའི་འཇོག་གླ་བསྡུ་བའི་སྒྲིག་ཆས་ཀྱིས་སྐར་མ་15ནང་ཚུན་གྱི་དུས་ཚོད་བརྩི་གི་མེད་པས། ཀུང་སིས་ཕྱོགས་གསུམ་པའི་གཉེར་སྐྱོང་ཚན་པར་འཇོག་གླ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱེད་དགོས་པ་མ་ཟད། གསར་སྤེལ་ཚོང་པ་དང་འབྲེལ་མཐུད་བྱས་ནས་སྐར་མ་15ཡི་དུས་ཚོད་བརྩི་དགོས་པའི་རེ་བ་ཡང་བཏོན་པ་རེད།
གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར་གཞིགས་ན། གཉེར་སྐྱོང་རང་བཞིན་གྱི་རླངས་འཁོར་འཇོག་སས་མངོན་གསལ་དོད་སར་རླངས་འཁོར་འཇོག་སའི་མིང་དང་། སྒོ་དབྱེའི་དུས་ཚོད། འཇོག་གླ་བསྡུ་བའི་གཞི་འཛིན་ས། འཇོག་གླ་བསྡུ་བའི་ཚད་གཞི། རླངས་འཁོར་འཇོག་ས་མང་ཉུང་། རླངས་འཁོར་འཇོག་གླ་མི་བསྡུ་བ་སོགས་ཀྱི་གནས་ཚུལ་དང་དེ་བཞིན་ཞབས་ཞུ་དང་ཞུ་གཏུག་ཁ་པར་ཨང་གྲངས་གསལ་པོ་འགོད་དགོས། ཉེ་དུས་འབྲེལ་ཡོད་སྡེ་ཚན་གྱིས་ཆེད་མངགས་ཁྲིམས་སྒྱུར་མི་སྣ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས་ཆེ་གྲས་ཁག་ལ་ཞིབ་བཤེར་བྱས་ནས་གཏན་འབེབས་ལྟར་རིན་གོང་གསལ་པོ་བཀོད་མེད་པ་དང་དེ་བཞིན་རླངས་འཁོར་འཇོག་གླ་གང་བྱུང་དུ་བསྡུ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་བཞིན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན། གལ་སྲིད་གྲོང་མིར་རླངས་འཁོར་འཇོག་སར་སྒྲིག་འགལ་ངང་འཇོག་གླ་བསྡུ་བའི་གནས་ཚུལ་འཕྲད་ཚེ། ཐད་ཀར་ཁ་པར་12315དང་ཡང་ན་12319བརྒྱབ་ནས་ཞུ་གཏུག་དང་ཐེར་འདོན་བྱེད་ཆོག