བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལྟ་སྦྱོང་སྤེལ་རེས་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་པ།
འདི་ནི“ང་ལང་སའི་ས་ཆ་ནི་ཀྲུང་གོ་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འདི་ནི་མི་དམངས་ཉེན་རྟོག་པ་དང་སྒྲོལ་དཀར་སོགས་ཀྱིས་མཉམ་དུ་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི“གངས་ལྗོངས་མཐའ་བརྟན་ཏང་འཛུགས་ཁུལ”གྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། བོད་ལྗོངས་རྒྱལ་མཚམས་འཛུལ་གྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས(གཤམ་དུ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཞེས་བསྡུ་རྒྱུ)ཀྱིས་ལྷོ་ཁ་གྲོང་ཁྱེར་དུ་གཞི་རིམ་ཏང་འཛུགས་སྐྱོང་གི་ལྟ་སྦྱོང་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ས་ཚིགས་རིམ་པའི་ཚན་པ་ཁག་ནས་སླེབས་པའི་མི་དམངས་ཉེན་རྟོག་པའི་འཐུས་མི་50ལྷག་ཙམ་གྱིས་མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་དང་མག་མག་མོན་པ་མི་རིགས་ཤང་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་ལྟ་སྦྱོང་སློབ་སྦྱོང་དང་སྤེལ་རེས་གྲོས་བསྡུར་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སེམས་ནུས་གཅིག་སྒྲིལ་བྱས་པ་རེད།
དུས་ཡུན་ཉིན་གསུམ་གྱི་བྱེད་སྒོར་ཚོགས་ཞུགས་མི་དམངས་ཉེན་རྟོག་པའི་འཐུས་མིས་སྔ་རྗེས་སུ་ལམ་ཕུག་མཐའ་མཚམས་མངགས་གཏོང་ཁང་ཞན་གྲོང་ཚོའི་ཉེན་རྟོག་ཁང་དང་། ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་། དམག་དཔོན་ཀྲང་གོ་ཧྭའི་རྒྱ་གར་ལ་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་ཀྱི་བཀོད་འདོམས་སུའོ་ཡི་གནས་རྙིང་དང་མཐའ་སྲུང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ། མཐའ་སྲུང་མི་དམངས་ཉེན་རྟོག་པས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུས་པ་དང་། ཞན་གྲོང་ཚོའི་ལས་གཏོད་ལས་ཞུགས་རྟེན་གཞིའི་ཐོན་འཕར་ལ་རོགས་རམ་བྱས་པའི་གནས་ཚུལ། ཞན་གྲོང་ཚོས་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་པའི“མཉམ་འབྲེལ་དྲུག”གི་མཐའ་མཚམས་ཀྱི་ལས་དོན་སྒྲུབ་སྟངས་བཅས་ས་གནས་ས་ཐོག་ཏུ་ཤེས་རྟོགས་བྱས་པ་མ་ཟད། རྒྱལ་དར་སྒྲེང་བའི་མཛད་སྒོ་དང་ཏང་ཞུགས་དམ་བཅའ་ཡང་བསྐྱར་འཇོག་པའི་བྱེད་སྒོ་གཉེར་བ་དང་། “གངས་ལྗོངས་མཐའ་བརྟན་ཏང་འཛུགས་ཁུལ”གྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཤིང་། “མེས་པོའི་ཞབས་རྗེས་འཚོལ་བ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། དུས་རབས་ཀྱི་རྒྱང་ལམ་དུ་འབད་འབུངས་མདུན་སྐྱོད་”བཅས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང“ང་ལང་སའི་ས་ཆ་ནི་ཀྲུང་གོ་ཡིན”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སོགས་རྣམ་པ་མང་པོ་བརྒྱུད་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཉམས་མྱོང་ཡག་པོ་སློབ་སྦྱོང་དང་། ཏང་འཛུགས་སྐྱོང་གིས་མཐའ་བརྟན་མཐའ་དར་ལ་ཁྲིད་སྟོན་བྱེད་པའི་ཐབས་ལམ་ནུས་ལྡན་ཐད་སྤེལ་རེས་དང་གྲོས་བསྡུར་བྱས་ནས། གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་རྒྱལ་སྲུང་མཐའ་སྲུང་གི་གཟི་བརྗིད་ཀྱི་སེམས་པ། འགན་འཁྲི་འཁུར་སེམས། ལས་འགན་སྒྲུབ་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་རེད།
“ང་ལང་སའི་ས་ཆ་ནི་ཀྲུང་གོ་ཡིན”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོའི་རིང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས”འཐོབ་མཁན་གྱི་སྒྲོལ་དཀར་དང་རྒྱལ་ཡོངས་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་སྐབས་གཉིས་པའི“རྒྱལ་སྒོའི་སྲུང་དམག་ཆེན་པོ་བཅུའི”མཚན་སྙན་འཐོབ་མཁན་ཝང་ཝེ་སོགས་མཐའ་མཚམས་འཛུགས་སྐྲུན་པ་མང་པོས་ཕྱོགས་མི་འདྲ་བའི་སྒོ་ནས་ཐོག་མའི་བསམ་འདུན་དང་། ལས་འགན། འཆར་གཞི་བཅས་གླེང་བ་དང་། ཏང་སྲིད་དམག་ཉེན་དམངས་ཀྱི“ཕྱོགས་ལྔ་གཞི་གཅིག”མཉམ་སྐྲུན་མཉམ་གཏོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དོན་དངོས་ཀྱི་ཕན་འབྲས་ལྷུག་པོར་གླེང་བར། ཚོགས་ཞུགས་མི་དམངས་ཉེན་རྟོག་པའི་འཐུས་མིས་གྲོས་བསྡུར་འཁྲུག་པོ་བྱས་ཤིང་བསམ་གཞིག་གཏིབ་ཟབ་བསླངས་པ་རེད།