དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁང་པ་རྩིས་སྤྲད་ནས་ལོ་མང་སོང་ཡང་སོལ་རླངས་མདོང་ལམ་ད་དུང་ཁྲིད་མེད་པ།

    དོ་བདག་གིས“ང་ཚོས་གསར་སྤེལ་ཚོང་པ་ཞུ་གཏུག་རྒྱག་གི་ཡིན”ཞེས་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    འདི་ནི་ཁྲང་ཤིང་རྒྱལ་སྤྱིའི་དོ་བདག་གི་ཚོགས་འདུ་འཚོག་ཡུལ་ཡིན་པ།

    འདི་ནི་སོལ་རླངས་མདོང་ལམ་བསྒར་སའི་ཨེ་ཁུང་བཞག་ཡོད་པའི་ཁྲང་ཤིང་རྒྱལ་སྤྱིའི་ཁུལ་ཆུང་གི་ཐོག་བརྩེགས་ཁང་པའི་ཕྱི་དབྱིབས་ཡིན་པ།

    ཉེ་ཆར། ལྷ་སའི་གྲོང་མི་སྐུ་ཞབས་ཀུའོ་ལགས་ཀྱིས་འདི་ག་ཚགས་པར་གྱི་ཐད་སྦྲེལ་ཁ་པར་བརྒྱབ་ནས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་ཁྲང་ཤིང་རྒྱལ་སྤྱིའི་ཁུལ་ཆུང་གི་ཁང་པ་རྩིས་སྤྲད་ནས་ལོ་མང་སོང་ཡང་། ད་བར་སོལ་རླངས་མདོང་ལམ་ད་དུང་ཁྲིད་མི་འདུག ཉེ་འཁོར་གྱི་ཁུལ་ཆུང་ཚར་མར་སོལ་རླངས་མདོང་ལམ་གཅིག་རྗེས་གཉིས་མཐུད་ངང་ཁྲིད་པ་མཐོང་སྐབས་ང་ཚོ་ཁང་བདག་ཚོ་སེམས་ཁྲལ་ཆེན་པོ་འདུག་ཅེས་བཤད། སྐུ་ཞབས་ཀུའོ་ལགས་ཀྱིས་གསར་འགོད་པར“ང་ཚོས་ཁང་པ་ཉོ་བའི་གན་རྒྱའི་ནང་ཁང་པ་རྩིས་སྤྲོད་སྐབས་གསར་སྤེལ་ཚོང་པས་ཁང་པའི་ནང་གི་སོལ་རླངས་མདོང་ལམ་ཁྲིད་ཚར་དགོས་པ་གསལ་པོ་བྲིས་ཡོད། འོན་ཀྱང་གསར་སྤེལ་ཚོང་པས་ད་བར་གན་རྒྱ་ལྟར་ལག་བསྟར་བྱས་མེད”ཅེས་བཤད།

    1 ཁང་པ་རྩིས་སྤྲད་ནས་ལོ་མང་སོང་ཡང་སོལ་རླངས་མདོང་ལམ་ད་དུང་ཁྲིད་མེད་པ།

    ཉེ་ཆར། གསར་འགོད་པ་སྣེའུ་ཁུལ་གསར་དུ་གནས་པའི་ཁྲང་ཤིང་རྒྱལ་སྤྱིའི་ཁུལ་ཆུང་དུ་སླེབས་སྐབས། ཁུལ་ཆུང་ནང་གི་ཐོག་སོ་རེ་རེའི་གྱང་སྟེང་དུ་ཨེ་ཁུང་རེ་བཞག་ཡོད་ཀྱང་། སོལ་རླངས་མདོང་ལམ་ཁྲིད་མེད་པ་ཤེས་རྟོགས་བྱུང་། ཁུལ་ཆུང་དེའི་དོ་བདག་སྐུ་ཞབས་ཀུའོ་ལགས་ཀྱིས“དོ་བདག་མང་ཆེ་བས་2017ལོའི་ཟླ་དང་པོར་ཁང་པ་རྩིས་བླངས་ཡོད། ཁང་པ་རྩིས་བླངས་ནས་ལོ་མང་སོང་བ་དང་ཉེ་འཁོར་གྱི་ཁུལ་ཆུང་ཚང་མར་སོལ་རླངས་མདོང་ལམ་སྔ་རྗེས་སུ་ཁྲིད་ཀྱང་། ང་ཚོའི་ཁུལ་ཆུང་གཅིག་པུར་ད་དུང་ཁྲིད་རྒྱུའི་སྐད་ཆ་མི་འདུག་པས། ང་ཚོ་དོ་བདག་ཚོ་སེམས་ཁྲལ་ཆེན་པོ་འདུག”ཅེས་བཤད།

    སྐུ་ཞབས་ཀུའོ་ལགས་ཀྱིས་གསར་འགོད་པར་ལོ་ཤས་རིང་ཁུལ་ཆུང་དུ་སོལ་རླངས་མདོང་ལམ་ཁྲིད་ཐུབ་ཆེད། ངས་ཁུལ་ཆུང་གི་དོ་བདག་གཞན་དག་དང་མཉམ་དུ་གང་སར་རེ་ཞུ་བྱེད་པར་ཕྱིན་པ་ཡིན། འོན་ཀྱང་གནད་དོན་འདི་ད་བར་ཐག་གཅོད་ཐུབ་མ་སོང་། “2020ལོར་ངས་སོལ་རླངས་ཀུང་སི་དང་འབྲེལ་བ་བྱས་ནས་ཁུལ་ཆུང་གི་ས་ཡུལ་དངོས་སུ་རྩད་ཞིབ་བྱས་པ་ཡིན། སྐབས་དེ་དུས་སོལ་རླངས་ཀུང་སིས་ང་ཚོའི་ཁུལ་ཆུང་ལ་སོལ་རླངས་མདོང་ལམ་ཁྲིད་སྟངས་ཀྱི་འཆར་འགོད་རི་མོ་དང་སྒྲིག་ཆས་སྒྲིག་སྦྱོར་གྱི་འགྲོ་གྲོན་ཡང་ཚོད་རྩིས་བྱས་ཡོད། ཧ་ལམ་སྒོར་ཁྲི་400ལྷག་ཙམ་དགོས་ཀྱི་འདུག ཁུལ་ཆུང་དུ་བསྡོམས་དོ་བདག་600ལྷག་ཙམ་ཡོད་པ་དང་གལ་ཏེ་ང་ཚོ་སོ་སོས་དངུལ་བཏང་ནས་སོལ་རླངས་མདོང་ལམ་ཁྲིད་ཚེ། དུད་ཚང་རེ་ནས་སྒོར་8000ཙམ་གཏོང་དགོས་ཀྱི་འདུག”ཅེས་བཤད།

    གསར་འགོད་པས་ཁུལ་ཆུང་དེའི་2014ལོ་དང་། 2015ལོ། 2016ལོ་སོགས་པར་གཞི་མང་པོའི་ཁང་པ་ཉོ་བའི་གན་རྒྱར་ལྟ་སྐབས། གན་རྒྱའི་ནང་སོལ་རླངས་མདོང་ལམ་ཁང་པ་ཚོང་མཁན(གསར་སྤེལ་ཚོང་པ)གྱིས་ཁྲིད་འགན་འཁུར་དགོས་པ་གསལ་པོ་བྲིས་ཡོད། གསར་འགོད་པས་གསར་སྤེལ་ཚོང་པའི་འགན་འཁུར་བ་དང་འབྲེལ་བ་བྱེད་སྐབས། འགན་འཁུར་བ་དེས་ཁ་པར་ནང“ངས་གསལ་པོ་ཤེས་ཀྱི་མེད། ང་རྒན་ཡོལ་ཞུས་ཟིན”ཞེས་བཤད། གསར་འགོད་པས་ཁང་པ་ཉོ་བའི་གན་རྒྱའི་ནང“ཁང་པ་རྩིས་སྤྲོད་སྐབས་གསར་སྤེལ་ཚོང་པས་ཁང་པའི་ནང་སོལ་རླངས་མདོང་ལམ་ཁྲིད་ཚར་བའི་འགན་འཁུར་དགོས”ཞེས་གསལ་པོ་བྲིས་འདུག་ཅེས་བརྗོད་སྐབས། འགན་འཁུར་བ་དེས“དོ་བདག་ཚོས་དངུལ་སྤྲད་ན་ང་ཚོས་གཞི་ནས་སོལ་རླངས་ཁྲིད་ཀྱི་ཡིན”ཞེས་ཡང་ཡང་བཤད།

    2 ཁྲིམས་རྩོད་པས་བརྗོད་པར་གཞིགས་ན། དོ་བདག་གིས་གསར་སྤེལ་ཚོང་པ་ཞུ་གཏུག་རྒྱག་ཆོག

    ཁུལ་ཆུང་ནང་གི་སོལ་རླངས་མདོང་ལམ་ཁྲིད་རྒྱུའི་གནད་དོན་གང་མགྱོགས་ཐག་གཅོད་བྱ་ཆེད། ཟླ་12ཚེས་2ཉིན་དོ་བདག་མང་ཆེ་བའི་འདོད་པ་ལྟར། ཁྲང་ཤིང་རྒྱལ་སྤྱིའི་ཁུལ་ཆུང་དུ་དོ་བདག་ཚོགས་འདུ་འཚོགས་པ་མ་ཟད། བོད་ལྗོངས་སྲོང་བཙན་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཀྲུའུ་རེན་ཁྲིམས་རྩོད་པ་སྒྲོན་སྐྱིད་གདན་དྲངས་ནས་ས་ཡུལ་དངོས་སུ་དོགས་གཞིར་ལན་ཡང་བཏབ་པ་རེད། གསར་འགོད་པས་ཀྱང་ས་ཡུལ་དངོས་སུ་ཁུལ་ཆུང་དེའི་པར་གཞི་བཞིའི་ཁང་པ་ཉོ་བའི་གན་རྒྱའི་ནང་དོན་སྐོར་ཁྲིམས་རྩོད་པ་དང་གྲོས་བསྡུར་བྱས་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར། ཁུལ་ཆུང་དེའི་གསར་སྤེལ་ཚོང་པ་དང་དོ་བདག་དབར་2014ལོ་དང་། 2015ལོ། 2016ལོ་བཅས་ལ་བཞག་པའི་ཁང་པ་ཉོ་བའི་གན་རྒྱའི་ནང་གི་དོན་ཚན་བཞི་པའི་ནང་གསེས་4པའི་ནང“ཁང་པ་རྩིས་སྤྲོད་སྐབས་ཁང་པའི་ནང་གི་སོལ་རླངས་མདོང་ལམ་ཁྲིད་ཚར་བ་བྱ་རྒྱུ་མ་ཟད། གྲོང་ཁྱེར་གྱི་སོལ་རླངས་མདོང་དྲ་དང་སྦྲེལ་མཐུད་བྱས་ནས་སོལ་རླངས་མཁོ་སྤྲོད་འགན་ལེན་བྱེད་དགོས”ཞེས་གསལ་པོ་བྲིས་ཡོད། 2017ལོར་བཞག་པའི་ཁང་པ་ཉོ་བའི་གན་རྒྱའི་དོན་ཚན་བཞི་པའི་ནང་གསེས་4པའི་ནང“ཁང་པ་རྩིས་སྤྲོད་སྐབས་ཁང་པའི་ནང་གི་སོལ་རླངས་མདོང་ལམ་ཁྲིད་ཚར་བ་བྱ་རྒྱུ་མ་ཟད། གྲོང་ཁྱེར་གྱི་སོལ་རླངས་མདོང་དྲ་དང་སྦྲེལ་མཐུད་བྱས་ནས་སོལ་རླངས་མཁོ་སྤྲོད་འགན་ལེན་བྱེད་དགོས”ཞེས་གསལ་པོ་བྲིས་ཡོད་མོད། འོན་ཀྱང་གན་རྒྱ་དེའི་དོན་ཚན་བཞི་པའི་ནང་གསེས་7པའི་དོན་ཚན་(2)པའི་ནང“ཚོང་སྒྱུར་ཁང་པ་རྩིས་སྤྲོད་སྐབས་གོང་གསལ་ཁག་3、4、5、6、7བཅས་ཀྱི་སྒྲིག་ཆས་ཚུད་མེད”ཅེས་གསལ་པོར་བྲིས་ཡོད། དེ་ནི་གན་རྒྱ་འདིའི་དོན་ཚན་བཞི་བའི་ནང་གསེས་4པའི་ནང་དོན་དང་ཧ་ལམ་འགལ་ཟླར་གྱུར་ཡོད།

    ཁྲིམས་རྩོད་པ་སྒྲོན་སྐྱིད་ཀྱིས་གན་རྒྱ་དེའི་དོན་ཚན་བཞི་པའི་ནང་གསེས་7པའི་དོན་ཚན(2)དང་གན་རྒྱ་དེའི་དོན་ཚན་བཞི་པའི་ནང་གསེས་4པའི་ནང་དོན་དང་འདྲ་གི་མེད་མོད། འོན་ཀྱང་ས་ཁང་བདག་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས། སོལ་རླངས་མདོང་ལམ་ཁྲིད་རྒྱུ་དེ་གསར་སྤེལ་ཚོང་པའི་འོས་འགན་ཡིན་མིན་བརྡར་ཤ་བཅད་ཆོག་ཅེས་བཤད། “གན་རྒྱའི་ནང་ཁ་ཆད་གསལ་པོ་མེད་པའི་གནས་ཚུལ་འོག འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་གན་རྒྱའི་ནང་དོན་ལ་བརྡར་ཤ་གཅོད་དགོས། འབྲེལ་ཡོད་དོན་ཚན་གྱི་གཏན་འབེབས་ལྟར་ན། གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་གི་ལེ་ལག་ཚང་བའི་འཛུགས་སྐྲུན་འཆར་འགོད་ཀྱི་དམར་ཐིག་ཁྱབ་ཁོངས་ནང་གི་སོལ་རླངས་ལས་གྲྭའི་སྒྲིག་སྦྱོར་འགྲོ་གྲོན་དེ་ཚོང་སྒྱུར་ཁང་པ་གསར་སྤེལ་འཛུགས་སྐྲུན་གྱི་མ་གནས་ནང་གཅིག་གྱུར་ཐོག་བཅུག་ཡོད་པས། ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་དང་སོལ་རླངས་ཁེ་ལས་སོགས་ཀྱིས་ཚོང་སྒྱུར་ཁང་པ་ཉོ་མཁན་གྱི་ས་ནས་ལོགས་སུ་དངུལ་ལེན་ཆོག་གི་མེད”ཅེས་བཤད།

    ས་ཡུལ་དངོས་སུ་དོ་བདག་ཚོས“ཁུལ་ཆུང་གི་སོལ་རླངས་མདོང་ལམ་ཁྲིད་འགན་སུས་འཁུར་དགོས་སམ”དང“ཞུ་གཏུག་བརྒྱབ་རྗེས་དུས་ཡུན་གང་ཙམ་ནས་ནུས་པ་ཐོན་ནམ”སོགས་ཀྱི་ཐད་དྲི་བ་བཏོན་པ་དང་། ཁྲིམས་རྩོད་པ་སྒྲོན་སྐྱིད་ཀྱིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་དོ་བདག་ཚོར་ལན་བཏབ་པ་རེད། མཐར་ཁྲང་ཤིང་རྒྱལ་སྤྱིའི་ཁུལ་ཆུང་གི་དོ་བདག་མང་ཆེ་བས་གསར་སྤེལ་ཚོང་པ་ཞུ་གཏུག་རྒྱག་རྒྱུའི་ཐག་བཅད། སྐུ་ཞབས་ཀུའོ་ལགས་ཀྱིས“སོལ་རླངས་མདོང་ལམ་ནི་ང་ཚོ་མི་སེར་གྱི་རྒྱུན་གཏན་འཚོ་བ་དང་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། ད་རེས་བཅའ་ཁྲིམས་བརྒྱུད་ང་ཚོ་དོ་བདག་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།