དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
31 གར་སོང་ཆ་མེད་ཀྱི་ཁྱབ་བསྒྲགས་ཕྱིར་འཐེན་བྱེད་ཆོག་གམ། ཕྱིར་འཐེན་བྱེད་པར་ཆ་རྐྱེན་གང་ཞིག་འཛོམས་དགོས།
གར་སོང་ཆ་མེད་ཀྱི་ཁྱབ་བསྒྲགས་ཕྱིར་འཐེན་བྱེད་ཆོག གར་སོང་ཆ་མེད་ཀྱི་ཁྱབ་བསྒྲགས་ནི་རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་པའི་དངོས་ཡོད་གནས་ཚུལ་གཏན་འཁེལ་བྱས་པ་ཡིན། གར་སོང་ཆ་མེད་ཁྱབ་བསྒྲགས་བྱས་པའི་མི་བསྐྱར་དུ་ཐོན་པའམ་ཁོ་གར་ཡོད་གནས་ཚུལ་ཤེས་མཁན་བྱུང་བ་ཡིན་ན། ཁྲིམས་ཁང་གིས་གཏན་འཁེལ་བྱས་ཟིན་པའི་གར་སོང་ཆ་མེད་ཀྱི་དངོས་ཡོད་གནས་ཚུལ་དག་དངོས་ཡོད་གནས་ཚུལ་གསར་པ་ཞིག་གིས་རྩིས་མེད་དུ་བཏང་བ་ཡིན་པས། ཁྲིམས་ཁང་གིས་གར་སོང་ཆ་མེད་ཀྱི་ཁྱབ་བསྒྲགས་ཕྱིར་འཐེན་བྱེད་དགོས།
གར་སོང་ཆ་མེད་ཀྱི་ཁྱབ་བསྒྲགས་ཕྱིར་འཐེན་བྱེད་པར་དམིགས་བསལ་ལས་རིམ་ལྟར་སྒྲུབ་དགོས་པ་དང་གཤམ་གསལ་གྱི་ཆ་རྐྱེན་དག་འཛོམས་དགོས་ཏེ།
(1)གར་སོང་ཆ་མེད་ཀྱི་མི་བསྐྱར་དུ་ཐོན་པའམ་གར་ཡོད་ཀྱི་གནས་ཚུལ་ཤེས་པའི་དོན་དངོས་ཡོད་དགོས།
(2)གར་སོང་ཆ་མེད་ཀྱི་མིའམ་ཡང་ན་ཁོ་དང་ཁེ་གྱོང་འབྲེལ་བ་ཡོད་པའི་མིས་ཁྲིམས་ཁང་ལ་གར་སོང་ཆ་མེད་ཀྱི་ཁྱབ་བསྒྲགས་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དགོས།
(3)ཁྲིམས་ཁང་གིས་གར་སོང་ཆ་མེད་ཀྱི་ཁྱབ་བསྒྲགས་ཕྱིར་འཐེན་བྱེད་པའི་དཔྱད་མཚམས་བྱེད་དགོས།
གཞན་ཡང་། གར་སོང་ཆ་མེད་ཀྱི་མི་བསྐྱར་དུ་ཐོན་པ་ཡིན་ན། རྒྱུ་ནོར་ཚབ་བདག་པར་འབྲེལ་ཡོད་རྒྱུ་ནོར་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དང་སྦྲགས་རྒྱུ་ནོར་ཚབ་བདག་སྐོར་གྱི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།
32 ཅི་ཞིག་ལ་ཤི་བ་ཁྱབ་བསྒྲགས་བྱེད་པ་ཟེར། ཤི་བ་ཁྱབ་བསྒྲགས་བྱེད་པར་ཆ་རྐྱེན་གང་ཞིག་འཛོམས་དགོས།
ཤི་བ་ཁྱབ་བསྒྲགས་བྱེད་པ་ཞེས་པ་ནི་རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་ནས་དུས་ཡུན་ངེས་ཅན་ཞིག་སོང་ཚེ། ཁེ་གྱོང་འབྲེལ་བ་ཡོད་མིས་རེ་འདུན་ཞུས་པ་བརྒྱུད། ཁྲིམས་ཁང་གིས་རང་བྱུང་མི་དེ་ཤི་བ་ཁྱབ་བསྒྲགས་བྱས་ནས། ཁོ་མ་ཤི་གོང་གི་གཞིས་གནས་ལྟེ་བར་བྱས་པའི་དམངས་དོན་བཅའ་ཁྲིམས་འབྲེལ་བ་མཇུག་འགྲིལ་བའི་ལམ་ལུགས་ཤིག་ལ་ཟེར།
ཤི་བ་ཁྱབ་བསྒྲགས་བྱེད་པའི་ཆ་རྐྱེན་ནི་གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པའི་ཆ་རྐྱེན་ལས་དོ་ནན་པ་ཡོད་དེ།
(1) གར་སོང་ཆ་མེད་དུ་གྱུར་བའི་ཁྲིམས་བཀོད་ཀྱི་དུས་ཡུན་ཟིན་དགོས། སྤྱིར་བཏང་གི་གནས་ཚུལ་འོག གར་སོང་ཆ་མེད་དུ་གྱུར་ནས་ལོ་བཞི་ཟིན་དགོས་པ་དང་རང་བྱུང་མི་གོ་ཐོས་མེད་པར་གྱུར་བའི་ཉིན་གྱི་ཉིན་གཉིས་པ་ནས་བརྩི་དགོས། བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཁྲོད། གར་སོང་ཆ་མེད་དུ་གྱུར་ཚད་ལོ་གཉིས་ལ་ཐུང་དུ་བཏང་ཡོད། བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་འགྱུར་བ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་རང་བྱུང་མི་དེ་འཚོ་གནས་མི་སྲིད་པར་ར་སྤྲོད་བྱས་པ་ཡིན་ན། ཤི་བ་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུ་བའི་ཐད་དུས་ཡུན་དེར་ལོ་གཉིས་ཀྱི་ཚོད་འཛིན་མི་ཐེབས་པ་ཡིན།
(2) ཁེ་གྱོང་འབྲེལ་བ་ཡོད་མིས་རེ་འདུན་ཞུ་དགོས། གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པའི་ཆ་རྐྱེན་དང་མི་འདྲ་ས་ཞིག་ནི་ཤི་བ་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུ་དབང་ལ་གོ་རིམ་གྱི་ཚོད་འཛིན་ངེས་ཅན་ཡོད་དེ། དང་པོ། བཟའ་ཟླ། གཉིས་པ། ཕ་མ་དང་བུ་ཕྲུག གསུམ་པ། གཅེན་གཅུང་མིང་སྲིང་། ཕ་རྒྱུད་སྤོ་བོ་རྨོ་བོ། མ་རྒྱུད་སྤོ་བོ་རྨོ་བོ། བུ་མོའི་བུ་བུ་མོ། བུའི་བུ་བུ་མོ། བཞི་པ། ཁེ་གྱོང་འབྲེལ་བ་ཡོད་པའི་མི་གཞན་དག གོ་རིམ་སྔ་མའི་མི་དང་ཤི་བ་ཁྱབ་བསྒྲགས་བྱས་པའི་མི་དེ་ཉིད་མི་ལུས་ཐད་གོ་རིམ་ཕྱི་མའི་མི་ལས་ཤ་ཁྲག་འབྲེལ་བ་ཅུང་ཉེ་ཙམ་ཡིན་པའི་རྐྱེན་གྱིས་གོ་རིམ་སྔ་མའི་མིས་ཤི་བ་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་མ་ཞུས་གོང་དུ་གོ་རིམ་ཕྱི་མའི་མིས་ཤི་བ་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུ་དབང་མེད། གོ་རིམ་གཅིག་པའི་ནང་དུ་ཤི་བ་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུ་མཁན་ཡོད་པ་དང་དེར་མོས་མཐུན་མི་བྱེད་མཁན་ཡང་ཡོད་པ་ཡིན་ན། ཤི་བ་ཁྱབ་བསྒྲགས་བྱེད་དགོས།
(3) ཁྲིམས་ཁང་གིས་ཁྲིམས་ལྟར་ཤི་བ་ཁྱབ་བསྒྲགས་བྱེད་དགོས། ཁྲིམས་ཁང་གིས་ཤི་བ་ཁྱབ་བསྒྲགས་བྱེད་པའི་རེ་འདུན་འབྱོར་བའི་རྗེས། གར་སོང་ཆ་མེད་ཀྱི་མི་འཚོལ་བའི་བརྡ་སྦྱོར་གཏོང་དགོས། སྤྱིར་བཏང་གི་གནས་ཚུལ་འོག་བརྡ་སྦྱོར་གཏོང་བའི་དུས་ཡུན་ནི་ལོ་གཅིག་ཡིན། བསམ་ཡུལ་ལས་འདས་པའི་དོན་རྐྱེན་དབང་གིས་གར་སོང་ཆ་མེད་དུ་གྱུར་ཚེ། འབྲེལ་ཡོད་ལས་ཁུངས་ཀྱིས་རང་བྱུང་མི་དེ་འཚོ་གནས་མི་སྲིད་པར་ར་སྤྲོད་བྱས་པ་ཡིན་ན། བརྡ་སྦྱོར་གཏོང་བའི་དུས་ཡུན་ནི་ཟླ་བ་གསུམ་ཡིན། བརྡ་སྦྱོར་གཏོང་བའི་དུས་ཡུན་ཟིན་པའི་རྗེས། གར་སོང་ཆ་མེད་ཀྱི་མི་ད་དུང་གོ་ཐོས་མེད་པ་ཡིན་ན། ཁྲིམས་ཁང་གིས་ཤི་བ་ཁྱབ་བསྒྲགས་བྱེད་པའི་དཔྱད་མཚམས་བྱེད་དགོས།
33 གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པ་ནི་ཤི་བ་ཁྱབ་བསྒྲགས་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལས་རིམ་ཞིག་ཡིན་ནམ།
གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པ་ནི་ཤི་བ་ཁྱབ་བསྒྲགས་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལས་རིམ་ཞིག་མིན། རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་པ་དང་། ཤི་བ་ཁྱབ་བསྒྲགས་བྱས་པའི་རེ་འདུན་ཞུ་བའི་ཆ་རྐྱེན་འཛོམས་ཡོད་ན། ཁེ་གྱོང་འབྲེལ་བ་ཡོད་མིས་གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པའི་རེ་འདུན་མ་ཞུས་པར་ཐད་ཀར་ཤི་བ་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུ་ཆོག འོན་ཏེ། ཁེ་གྱོང་འབྲེལ་བ་ཡོད་མིས་གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུས་པ་ཡིན་ན། གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་དགོས། རང་བྱུང་མི་གཅིག་པར་ཁེ་གྱོང་འབྲེལ་བ་ཡོད་མི་ཁ་ཤས་ཀྱིས་གར་སོང་ཆ་མེད་དུ་གྱུར་པ་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་པ་དང་ཁེ་གྱོང་འབྲེལ་བ་ཡོད་མི་ཁ་ཤས་ཀྱིས་ཤི་བ་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་པ་ཡིན་ན། 《དམངས་དོན་ཁྲིམས་གཞུང》གིས་གཏན་འབེབས་བྱས་པའི་ཤི་བ་ཁྱབ་བསྒྲགས་བྱེད་པའི་ཆ་རྐྱེན་འཛོམས་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་ཤི་བར་ཁྱབ་བསྒྲགས་བྱེད་དགོས།
34 ཤི་བ་ཁྱབ་བསྒྲགས་བྱེད་པའི་མི་ཤི་བའི་དུས་ཚོད་ཇི་ལྟར་གཏན་འཁེལ་བྱེད་དགོས།
རང་བྱུང་མི་ཤི་བ་ཁྱབ་བསྒྲགས་བྱས་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་དམིགས་བསལ་ལས་རིམ་བརྒྱུད་ནས་ཁྱབ་བསྒྲགས་དཔྱད་མཚམས་བྱེད་དགོས། མི་དམངས་ཁྲིམས་ཁང་གིས་ཤི་བ་ཁྱབ་བསྒྲགས་བྱེད་པའི་གྱོད་གཞི་རྩིས་ལེན་བྱས་པའི་རྗེས། གར་སོང་ཆ་མེད་ཀྱི་མི་འཚོལ་བའི་བརྡ་སྦྱོར་གཏོང་དགོས། རྒྱུན་དུ་བརྡ་སྦྱོར་གཏོང་ཡུན་ནི་ལོ་གཅིག་ཡིན། བསམ་ཡུལ་ལས་འདས་པའི་དོན་རྐྱེན་དབང་གིས་གར་སོང་ཆ་མེད་དུ་གྱུར་ཚེ། འབྲེལ་ཡོད་ལས་ཁུངས་ཀྱིས་རང་བྱུང་མི་དེ་འཚོ་གནས་མི་སྲིད་པར་ར་སྤྲོད་བྱས་པ་ཡིན་ན། བརྡ་སྦྱོར་གཏོང་བའི་དུས་ཡུན་ནི་ཟླ་བ་གསུམ་ཡིན། བརྡ་སྦྱོར་གཏོང་བའི་དུས་ཡུན་ཟིན་པའི་རྗེས། མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་ཟིན་པའི་ཤི་བ་ཁྱབ་བསྒྲགས་བྱས་པའི་དོན་དངོས་ལྟར་ཤི་བ་ཁྱབ་བསྒྲགས་བྱེད་པའི་དཔྱད་མཚམས་བྱེད་དགོས། སྤྱིར་བཏང་གི་གནས་ཚུལ་འོག མི་དམངས་ཁྲིམས་ཁང་གིས་ཤི་བ་ཁྱབ་བསྒྲགས་བྱེད་པའི་དཔྱད་མཚམས་བཏང་བའི་ཉིན་དེ་ཁོ་རང་ཤི་བའི་དུས་ཚོད་ལ་བརྩི་དགོས། བསམ་ཡུལ་ལས་འདས་པའི་དོན་རྐྱེན་དབང་གིས་གར་སོང་ཆ་མེད་དུ་གྱུར་ནས་ཤི་བ་ཁྱབ་བསྒྲགས་བྱས་པ་ཡིན་ན། བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བའི་ཉིན་དེ་ཁོ་རང་ཤི་བའི་དུས་ཚོད་ལ་བརྩི་དགོས།
35 ཤི་བ་ཁྱབ་བསྒྲགས་ཕྱིར་འཐེན་བྱས་པའི་རྗེས་བཅའ་ཁྲིམས་ཀྱི་མཇུག་འབྲས་གང་འདྲ་ཐོན་སྲིད་དམ།
ཤི་བ་ཁྱབ་བསྒྲགས་ཕྱིར་འཐེན་བྱས་རྗེས་ཐོན་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་གཙོ་བོ་གཤམ་གསལ་གྱི་ཕྱོགས་གསུམ་ནས་མཚོན་ཡོད་དེ།
(1)གཉེན་སྒྲིག་གི་འབྲེལ་བ། མི་དམངས་ཁྲིམས་ཁང་གིས་ཤི་བ་ཁྱབ་བསྒྲགས་ཕྱིར་འཐེན་བྱས་པའི་རྗེས། ཁོའི་བཟའ་ཟླ་ཡང་བསྐྱར་གཉེན་སྒྲིག་བྱ་རྒྱུ་ཡིན་ན། གཉེན་སྒྲིག་འབྲེལ་བ་ཤི་བ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་རང་ཤུགས་སུ་སླར་གསོ་བྱེད་དགོས། ཁོའི་བཟའ་ཟླ་ཡང་བསྐྱར་གཉེན་སྒྲིག་བྱས་ནས་བཟའ་ཟླ་ཡང་ཤི་བ་ཡིན་ན། གཉེན་སྒྲིག་འབྲེལ་བ་རང་ཤུགས་སུ་སླར་གསོ་བྱེད་པར་ངོས་བཟུང་མི་ཆོག ཤི་བ་ཁྱབ་བསྒྲགས་བྱ་ཡུལ་གྱི་མིའི་བཟའ་ཟླས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་ཡིག་ཐོག་ནས་གཉེན་སྒྲིག་གི་འབྲེལ་བ་སླར་གསོ་བྱེད་འདོད་མེད་པ་གསལ་བསྒྲགས་བྱས་པ་ཡིན་ན། གཉེན་སྒྲིག་འབྲེལ་བ་རང་ཤུགས་སུ་སླར་གསོ་བྱེད་དགོས་པར་ངོས་བཟུང་མི་ཆོག
(2)ཉར་གསོའི་འབྲེལ་བ། ཤི་བ་ཁྱབ་བསྒྲགས་བྱེད་པའི་རིང་ཤི་བ་ཁྱབ་བསྒྲགས་བྱ་ཡུལ་གྱི་མི་དེའི་བུ་ཕྲུག་མི་གཞན་གྱིས་ཁྲིམས་ལྟར་ཉར་གསོ་བྱས་ཡོད་ན། ཤི་བ་ཁྱབ་བསྒྲགས་ཕྱིར་འཐེན་བྱས་པའི་རྗེས། ཤི་བ་ཁྱབ་བསྒྲགས་བྱ་ཡུལ་གྱི་མིས་རང་ཉིད་མོས་མཐུན་མ་བྱུང་བ་རྒྱུ་མཚན་དུ་བྱས་ནས་ཉར་གསོ་ལ་ནུས་པ་མེད་པའི་འདོད་ཚུལ་བཟུང་མི་ཆོག ཡིན་ན་ཡང་ཉར་གསོ་བྱེད་མི་དང་ཉར་གསོ་བྱ་ཡུལ་གྱི་མིའི་མོས་མཐུན་བྱུང་རིགས་འདིའི་ཁོངས་སུ་མི་ཚུད།
(3)ཤི་བ་ཁྱབ་བསྒྲགས་ཕྱིར་འཐེན་བྱ་ཡུལ་གྱི་མིར་རྒྱུ་ནོར་ཕྱིར་སློག་དགོས་པའི་རེ་འདུན་ཞུ་དབང་ཡོད། 《དམངས་དོན་ཁྲིམས་གཞུང》གི་ཤུལ་འཛིན་དོན་ཚན་གྱི་གཏན་འབེབས་ལྟར། ཁོའི་རྒྱུ་ནོར་ཐོབ་པའི་རང་བྱུང་མི་དང་རྩ་འཛུགས་ཀྱིས་རྒྱུ་ནོར་ཕྱིར་སློག་དགོས། རྒྱུ་ནོར་སྔོན་མ་མེད་པ་ཡིན་ན་སྐྱིན་གསབ་འོས་འཚམ་སྤྲོད་དགོས། ཤི་བ་ཁྱབ་བསྒྲགས་ཕྱིར་འཐེན་བྱ་ཡུལ་གྱི་མིས་རྒྱུ་ནོར་ཕྱིར་སློག་དགོས་པའི་རེ་འདུན་ཞུས་པ་དང་རྒྱུ་ནོར་སྔོན་མ་དེ་མི་གསུམ་པས་ཁྲིམས་མཐུན་གྱིས་ཐོབ་པ་ཡིན་ན། མི་གསུམ་པས་ཕྱིར་སློག་མི་དགོས། ཁེ་གྱོང་འབྲེལ་བ་ཡོད་མིས་གནས་ཚུལ་ངོ་མ་སྦ་གསང་བྱས་ནས་མི་གཞན་ཤི་བ་ཁྱབ་བསྒྲགས་བྱེད་དུ་བཅུག་པ་ལས་དེའི་རྒྱུ་ནོར་ཐོབ་པ་ཡིན་ན། དེའི་རྒྱུ་ནོར་ཕྱིར་སློག་དགོས་པ་མ་ཟད། དེ་ལས་བཟོས་པའི་གྱོང་གུན་ལ་སྐྱིན་གསབ་འཇལ་འགན་ཡང་ཁུར་དགོས།