དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
ཛ་དྲག་ཆེ་བའི་གནས་ཚུལ་བྱུང་བའི་དབང་གིས་ལྟ་སྐྱོང་བས་ལྟ་སྐྱོང་འགན་འཁྲི་སྒྲུབ་ཐབས་མེད་སྐབས། སུ་ཞིག་གིས་ལྟ་སྐྱོང་བྱ་ཡུལ་གྱི་མིར་ལྟ་རྟོག་བྱེད་དགོས་སམ།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་སོ་བཞི་པའི་ནང་ཚན་བཞི་པའི་ནང་གཏན་འབེབས་བྱས་པ་ལྟར་ན། ཐོལ་བྱུང་དོན་རྐྱེན་སོགས་ཛ་དྲག་ཆེ་བའི་གནས་ཚུལ་བྱུང་བའི་དབང་གིས་ལྟ་སྐྱོང་བས་གནས་སྐབས་སུ་ལྟ་སྐྱོང་འགན་འཁྲི་སྒྲུབ་ཐབས་མེད་པས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འཚོ་བར་ལྟ་སྐྱོང་བ་མེད་པའི་གནས་ཚུལ་བྱུང་ཚེ། ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཉེར་མཁོའི་སྐབས་བསྟུན་འཚོ་བའི་ལྟ་རྟོག་བྱེད་ཐབས་བཀོད་སྒྲིག་བྱེད་དགོས། དེ་ནི་དོན་དངོས་ཐོག་གནས་སྐབས་ལྟ་སྐྱོང་གཏན་འཁེལ་བྱས་ནས་ལྟ་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་ཞིག་ཡིན།
གནས་ཚུལ་གང་འདྲ་ཞིག་གི་འོག འབྲེལ་ཡོད་ཀྱི་དམངས་དོན་བྱེད་པོས་ལྟ་སྐྱོང་བའི་ལྟ་སྐྱོང་ཐོབ་ཐང་ཕྱིར་འཐེན་གྱི་སྙན་ཞུ་འབུལ་ཆོག་གམ།
ལྟ་སྐྱོང་ཐོབ་ཐང་ཡོད་པའི་མི་གཞན་དག་དང་། ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་། སློབ་གྲྭ སྨན་བཅོས་སྡེ་ཁག བུད་མེད་མཉམ་འབྲེལ་ཚོགས་པ། དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་ཚོགས་པ། ནར་མ་སོན་པའི་མིའི་སྲུང་སྐྱོབ་རྩ་འཛུགས། ཁྲིམས་ལྟར་བཙུགས་པའི་རྒན་རྒོན་རྩ་འཛུགས། དེ་བཞིན་དམངས་སྲིད་སྡེ་ཁག་སོགས་མི་སྒེར་རམ་རྩ་འཛུགས་ཀྱིས་ལྟ་སྐྱོང་བར་གཤམ་གསལ་གྱི་བྱ་སྤྱོད་ནང་གི་གྲས་ཤིག་ཡོད་པ་ཤེས་ཚེ་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་བའི་ཐོབ་ཐང་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་ཆོག
(1)ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་བཟོ་བའི་བྱ་སྤྱོད་སྤེལ་བ།
(2)ལྟ་སྐྱོང་བས་ལྟ་སྐྱོང་འགན་འཁྲི་སྒྲུབ་རྒྱུ་སྒྱིད་ལུག་བྱེད་པ་དང་། ཡང་ན་ལྟ་སྐྱོང་འགན་འཁྲི་སྒྲུབ་ཐབས་མེད་པ་མ་ཟད། ལྟ་སྐྱོང་འགན་འཁྲི་ཆ་ཤས་སམ་ཆ་ཚང་གཞན་ལ་མངག་བཅོལ་བྱེད་པར་ངོ་ཟློག་བྱས་པའི་རྐྱེན་གྱིས་ལྟ་སྐྱོང་བྱ་ཡུལ་གྱི་མི་དཀའ་ཉེན་གྱི་གནས་སུ་གྱར་བ།
(3)ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱ་སྤྱོད་གཞན་དག་སྤེལ་བ་བཅས་ཡིན།
གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ལྟ་སྐྱོང་འབྲེལ་བ་མཇུག་འགྲིལ་དགོས་སམ།
ལྟ་སྐྱོང་བྱ་ཡུལ་གྱི་མི་ནི་ན་ཚོད་དང་རིག་སྟོབས། ལུས་སེམས་བདེ་ཐང་བཅས་ཀྱི་གནས་ཚུལ་གྱི་དབང་གིས་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་ཚོད་འཛིན་ཕོག་པའི་མི་ཡིན་པ་དང་། ལྟ་སྐྱོང་ལམ་ལུགས་ལ་རྩ་བའི་དམིགས་ཡུལ་གཉིས་ཡོད་དེ། གཅིག་ནི་ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་། གཉིས་ནི་ལྟ་སྐྱོང་བྱ་ཡུལ་གྱི་བྱ་སྤྱོད་ལ་གཅུན་སྡོམ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ་དེ་ཡིན་པས། ལྟ་སྐྱོང་བར་ལྟ་སྐྱོང་བྱེད་ནུས་ཤོར་བའམ་ལྟ་སྐྱོང་བྱ་ཡུལ་གྱི་མིར་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་སླར་གསོ་བྱུང་བའམ་ཐོབ་ནས་ལྟ་སྐྱོང་བྱེད་མི་དགོས་པ་ཡིན་ན་ལྟ་སྐྱོང་འབྲེལ་བ་མཇུག་འགྲིལ་དགོས། ཞིབ་ཕྲའི་སྒོ་ནས་བཤད་ན། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་བྱུང་བ་ཡིན་ན་ལྟ་སྐྱོང་འབྲེལ་བ་མཇུག་འགྲིག་དགོས་ཏེ།
(1) ལྟ་སྐྱོང་བྱ་ཡུལ་གྱི་མི་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཐོབ་པའམ་སླར་གསོ་བྱུང་བ། ནར་མ་སོན་པའི་མི་ནར་སོན་རྗེས། ན་ཚོད་ཆེ་རུ་སོང་ཞིང་རིག་སྟོབས་འཕེལ་བ་དང་བསྟུན་ནས་རང་ཉིད་ཀྱིས་རང་ཚུགས་ཀྱིས་དམངས་དོན་བྱ་སྤྱོད་སྤེལ་ཐུབ་པ་བྱུང་ནས་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མིར་གྱུར་ནས་ལྟ་སྐྱོང་བྱེད་མི་དགོས། དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའམ་སྤེལ་ནུས་མེད་པའི་མི་སྟེ་སྨྱོ་ནད་ཅན་དེ་ཡང་ནད་དྲག་སྐྱེད་བྱུང་བ་དང་ལུས་ཁམས་བདེ་ཐང་དུ་ཕྱིན་ནས་དམངས་དོན་བྱ་སྤྱོད་སྤེལ་ནུས་སླར་གསོ་བྱུང་བ་ཡིན་ན་ལྟ་སྐྱོང་བྱེད་མི་དགོས།
(2) ལྟ་སྐྱོང་བའི་ལྟ་སྐྱོང་བྱེད་ནུས་ཤོར་བ། ལྟ་སྐྱོང་བར་ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་ལྟ་སྐྱོང་བྱ་ཡུལ་གྱི་མིའི་བྱ་སྤྱོད་ལ་གཅུན་སྡོམ་བྱེད་པའི་འོས་འགན་ཡོད་པས་ལྟ་སྐྱོང་བ་ལས་ཀ་དང་ལུས་ཁམས་བདེ་ཐང་སོགས་ཀྱིས་རྐྱེན་པས་ལྟ་སྐྱོང་བྱེད་ནུས་ཤོར་བ་ཡིན་ན་ལྟ་སྐྱོང་ཁེ་དབང་སྤྱོད་རྒྱུ་མེད།
(3) ལྟ་སྐྱོང་བྱ་ཡུལ་གྱི་མིའམ་ལྟ་སྐྱོང་བ་ཤི་བ། ལྟ་སྐྱོང་བྱ་ཡུལ་གྱི་མིའམ་ལྟ་སྐྱོང་བ་ཤི་བ་ཡིན་ན་ལྟ་སྐྱོང་འབྲེལ་བ་རང་བཞིན་གྱིས་མཇུག་འགྲིལ་བ་ཡིན།
(4) མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་འབྲེལ་བ་མཇུག་འགྲིལ་བར་ངེས་གཟུང་བྱས་པའི་གནས་ཚུལ་གཞན་དག
ལེའུ་གཉིས་པ། གར་སོང་ཆ་མེད་དང་ཤི་བ་ཁྱབ་བསྒྲགས།
གར་སོང་ཆ་མེད་ཁྱབ་བསྒྲགས་བྱས་པ་ཞེས་པ་གང་ལ་ཟེར། གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པར་ཆ་རྐྱེན་གང་དག་འཛོམས་དགོས།
གར་སོང་ཆ་མེད་ཁྱབ་བསྒྲགས་ཞེས་པ་ནི་ཁྲིམས་ཁང་གིས་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་རེ་འདུན་ཞུས་པ་ལྟར། ཁྲིམས་ལྟར་གར་སོང་ཆ་མེད་དུ་གྱུར་ནས་དུས་ཡུན་ངེས་ཅན་ལོངས་པའི་རང་བྱུང་མིར་གར་སོང་ཆ་མེད་ཀྱི་མི་ཡིན་པ་ཁྱབ་བསྒྲགས་བྱས་ནས་དེའི་རྒྱུ་ནོར་འབྲེལ་བ་གཏན་འཁེལ་བྱེད་པའི་ལམ་ལུགས་ཤིག་ལ་ཟེར།
གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པར་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་ཏེ།
(1)ངེས་པར་དུ་མུ་མཐུད་གར་སོང་ཆ་མེད་དུ་གྱུར་བཞིན་པ་ཡིན་དགོས། གར་སོང་ཆ་མེད་ཞེས་པ་ནི་རང་བྱུང་མིའི་མཇུག་མཐའི་འགྲོ་འདུག་མེད་པར་གྱུར་ཏེ་གོ་ཐོས་མེད་པ་གྱུར་ནས་ཤི་གསོན་གང་ཡིན་མི་ཤེས་པའི་གནས་ཚུལ་ལ་གོ
(2)གར་སོང་ཆ་མེད་དུ་གྱུར་ཡུན་དེ་ཡུན་ཚད་ངེས་ཅན་ཞིག་ལོངས་དགོས། གར་སོང་ཆ་མེད་དུ་གྱུར་ཡུན་དེ་མི་ལོ་གཉིས་ཡིན་དགོས་པ་དང་རང་བྱུང་མི་དེ་གོ་ཐོས་མེད་པར་གྱུར་པའི་ཉིན་ནས་རྩི་དགོས། དམག་འཁྲུག་གི་རིང་དུ་གར་སོང་ཆ་མེད་དུ་གྱུར་བ་ཡིན་ན། གར་སོང་ཆ་མེད་དུ་གྱུར་ཡུན་དེ་དམག་འཁྲུག་མཇུག་སྒྲིལ་ཉིན་ནམ་ཡང་ན་འབྲེལ་ཡོད་ལས་ཁུངས་ཀྱིས་གར་སོང་ཆ་མེད་དུ་གྱུར་པར་གཏན་འཁེལ་བྱས་ཉིན་ནས་རྩི་དགོས།
(3)རང་བྱུང་མི་དེ་དང་ཁེ་གྱོང་འབྲེལ་བ་ཡོད་མིས་ཁྲིམས་ཁང་ལ་རེ་འདུན་ཞུ་དགོས། ཁེ་གྱོང་འབྲེལ་བ་ཡོད་མིའི་ཁྱབ་ཁོངས་ནི་ཕྱོགས་གཉིས་སུ་འདུས་ཡོད་དེ། གཅིག་ནི་གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུ་ཡུལ་གྱི་མིའི་གཉེན་ཉེ་ཡིན་པ་དང་། གཉིས་ནི་གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུ་ཡུལ་གྱི་མི་དང་དམངས་དོན་ཁེ་དབང་འོས་འགན་གྱི་འབྲེལ་བ་ཡོད་པའི་མི་སྟེ་དཔེར་ན་བུན་བདག་དང་མཉམ་འབྲེལ་སོགས་ཡིན། མི་དེ་དག་ལ་གོ་རིམ་གྱི་ཚོད་འཛིན་མེད།
(4)ཁྲིམས་ཁང་གིས་ཁྲིམས་ལྟར་ཁྱབ་བསྒྲགས་བྱེད་དགོས། རང་རྒྱལ་དུ་གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པའི་གྱོད་གཞི་རྣམས་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དམིགས་བསལ་ལས་རིམ་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཁྲིམས་ཁང་ནི་གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པའི་ཁྲིམས་བཀོད་ལས་ཁུངས་ཡིན། ཁྲིམས་ཁང་གིས་གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུ་ཡིག་འབྱོར་ཚེ་གར་སོང་ཆ་མེད་ཀྱི་མི་འཚོལ་བའི་བརྡ་སྦྱོར་གཏོང་དགོས་པ་དང་བརྡ་སྦྱོར་གཏོང་ཡུན་ནི་ཟླ་བ་གསུམ་ཡིན། ཟླ་བ་གསུམ་ནང་དུ་གལ་སྲིད་གར་སོང་ཆ་མེད་ཀྱི་མི་བསྐྱར་དུ་ཐོན་པའམ་བྱ་ཐབས་གཞན་དག་གིས་གར་ཡོད་གཏན་འཁེལ་བྱས་པ་ཡིན་ན། གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་པའི་ལས་རིམ་མཚམས་འཇོག་དགོས། གལ་སྲིད་ད་དུང་གར་སོང་ཆ་མེད་ཡིན་ན། ཁྲིམས་ལྟར་གར་སོང་ཆ་མེད་ཁྱབ་བསྒྲགས་བྱེད་དགོས།
རྒྱུ་ནོར་ཚབ་བདག་པས་གར་སོང་ཆ་མེད་ཁྱབ་བསྒྲགས་བྱས་པའི་མིའི་རྒྱུ་ནོར་ལ་ཐག་གཅོད་གང་འདྲ་བྱེད་དགོས་སམ།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཞེ་གཉིས་པའི་ནང་གཏན་འབེབས་བྱས་པ་ལྟར་ན། རང་བྱུང་མི་གར་སོང་ཆ་མེད་ཁྱབ་བསྒྲགས་བྱས་པའི་རྗེས། དེའི་རྒྱུ་ནོར་ནི་བཟའ་ཟླ་དང་ནར་སོན་བུ་ཕྲུག ཕ་མ་བཅས་དང་ཡང་ན་རྒྱུ་ནོར་ཚབ་བདག་པ་བྱེད་འདོད་ཡོད་པའི་མི་གཞན་དག་གིས་ཚབ་བདག་བྱེད་དགོས། རྒྱུ་ནོར་ཚབ་བདག་པ་གཏན་འཁེལ་བྱེད་པའི་ལམ་ལུགས་བཟོ་བའི་དམིགས་ཡུལ་ནི་གར་སོང་ཆ་མེད་ཁྱབ་བསྒྲགས་བྱས་པའི་མིའི་རྒྱུ་ནོར་གྱི་བདག་དབང་ལ་འགན་སྲུང་བྱེད་གང་ཐུབ་བྱེད་པ་དེ་ཡིན། དེར་བརྟེན། རྒྱུ་ནོར་ཚབ་བདག་པས་གར་སོང་ཆ་མེད་ཀྱི་མིའི་རྒྱུ་ནོར་བདག་གཉེར་ཡག་པོ་བྱེད་དགོས་ཤིང་། དེའི་རྒྱུ་ནོར་གྱི་བདག་དབང་ལ་སྲུང་སྐྱོང་བྱེད་དགོས། རྒྱུ་ནོར་ཚབ་བདག་པས་བསམ་བཞིན་དུ་བཟོས་པའམ་ལས་འཛོལ་ཚབས་ཆེན་ཤོར་བའི་རྐྱེན་གྱིས་གར་སོང་ཆ་མེད་ཀྱི་མིའི་རྒྱུ་ནོར་ལ་གྱོང་གུན་ཕོག་པ་ཡིན་ན། རྒྱུ་ནོར་ཚབ་བདག་པས་དེ་དང་འཚམ་པའི་སྐྱིན་གསབ་འགན་འཁྲི་འཁུར་དགོས།
གར་སོང་ཆ་མེད་ཀྱི་མིས་འཇལ་མེད་པའི་ཁྲལ་དངུལ་དང་བུ་ལོན། འཇལ་དགོས་པའི་གྲོན་དངུལ་གཞན་དག་བཅས་ནི་རྒྱུ་ནོར་ཚབ་བདག་པས་གར་སོང་ཆ་མེད་ཀྱི་མིའི་རྒྱུ་ནོར་གྱིས་འཇལ་དགོས། དེ་དག་ཕུད། རྒྱུ་ནོར་ཚབ་བདག་པས་གར་སོང་ཆ་མེད་ཀྱི་མིའི་རྒྱུ་ནོར་མི་སྒེར་གྱི་འགྲོ་གྲོན་དང་འཛད་སྤྱོད་དུ་སྤྱད་མི་ཆོག རྒྱུ་ནོར་ཚབ་བདག་པས་ཚབ་བདག་འགན་འཁྲི་མི་སྒྲུབ་པ་དང་། གར་སོང་ཆ་མེད་ཀྱི་མིའི་རྒྱུ་ནོར་གྱི་ཁེ་ཕན་ལ་གནོད་འཚེ་བཏང་བའམ་ཚབ་བདག་བྱེད་ནུས་ཤོར་བ་ཡིན་ན། གར་སོང་ཆ་མེད་ཀྱི་མི་དང་ཁེ་གྱོང་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་བདག་པ་བརྗེ་དགོས་པའི་རེ་འདུན་ཞུས་ཆོག རྒྱུ་ནོར་ཚབ་བདག་པས་འོས་མཐུན་གྱི་རྒྱུ་མཚན་ཡོད་ན་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་གྱི་ཚབ་བདག་པ་བརྗེ་དགོས་པའི་རེ་འདུན་ཞུས་ཆོག མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་ཚབ་བདག་པ་བརྗེས་ཡོད་ན། བརྗེས་པའི་རྗེས་ཀྱི་རྒྱུ་ནོར་ཚབ་བདག་པར་དེ་སྔའི་རྒྱུ་ནོར་ཚབ་བདག་པས་འབྲེལ་ཡོད་རྒྱུ་ནོར་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དང་སྦྲགས། གར་སོང་ཆ་མེད་ཀྱི་མིར་རྒྱུ་ནོར་ཚབ་བདག་སྐོར་གྱི་གནས་ཚུལ་སྙན་ཞུ་བྱེད་དགོས།
གར་སོང་ཆ་མེད་ཀྱི་མི་བསྐྱར་དུ་ཐོན་པ་ཡིན་ན། རྒྱུ་ནོར་ཚབ་བདག་པར་འབྲེལ་ཡོད་རྒྱུ་ནོར་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དང་སྦྲགས་རྒྱུ་ནོར་ཚབ་བདག་སྐོར་གྱི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་རེ་འདུན་འདོན་དབང་ཡོད།