མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་བཟང་པོས།
རིག་དངོས་བདེ་འཇགས་སྲུང་སྐྱོང་གི་འཐབ་ས་དང་པོ་བརྟན་པོར་སྲུང་པ།
ཉེན་རྟོག་པ་བྱས་ནས་ལོ་13སོང་རིང་། སྔ་རྗེས་སུ་རིག་དངོས་གྱོད་གཞི་ཁག་མང་པོ་རྩད་ཆོད་པ་དང་། སྤྱིར་བཏང་གི་ལས་གནས་སུ་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་ཏང་དང་མི་དམངས་ལ་ཟོལ་མེད་ཀྱི་བརྩེ་བ་བཅངས། “ཉེན་རྟོག་པ་ཞིག་བྱས་ན་ཉེན་རྟོག་པའི་་གོས་དང་མཚན་སྙན་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས། ངས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་རིག་དངོས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་བཟང་པོས་བཤད།
བཟང་པོ་ལས་ཀ་བྱེད་སའི་སྤུ་ཧྲེང་རྫོང་ཁོངས་སུ་རིག་དངོས་སྲུང་སྐྱོང་ཚན་པ་48ཡོད་པས། གནས་དེ་ནི་རིག་དངོས་བདེ་འཇགས་སྲུང་སྐྱོང་གི་ཆེས་གཞི་རིམ་གྱི་འཐབ་ས་དང་། རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེས་མདུན་མའི་གཡུལ་ས་ཞིག་རེད།
ལོ་མང་རིང་བཟང་པོས་རྩད་ཆོད་པའི་རིག་དངོས་རྐུ་ཁྱེར་གྱོད་གཞི་ལས་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་རིག་དངོས་རྐུ་ཁྱེར་གྱི་གྱོད་གཞི་ཞིག་གིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། སྐབས་དེ་དུས་བཟང་པོར་110བཀོད་འདོམས་ལྟེ་གནས་ཀྱི་ཉེན་དོན་ལས་འགན་འབྱོར་ནས་ས་གནས་ས་ཐོག་ཏུ་སླེབས་རྗེས། ཉེས་གསོག་དོགས་ཅན་གསུམ་གཏན་འཁེལ་རགས་ཙམ་ཐུབ་མོད། འོན་ཀྱང་གྱོད་གཞི་ཐོན་ཡུལ་གྱི་ཉེ་འགྲམ་དུ་གློག་མིག་མེད་པས་གྱོད་གཞི་རྩད་གཅོད་པའི་ལས་དོན་ལ་དཀལ་ངལ་ཆེན་པོ་འཕྲད་པ་རེད། བཟང་པོས་འཕྲལ་དུ“ཉེན་དོན་མཉམ་འགུལ་ལམ་སྲོལ”གྱི་སྔོན་ཇུས་ལག་ལེན་བསྟར་ཏེ། ཞིབ་བཤེར་ས་ཚིགས་བཙུགས་ནས་ཕྱོགས་གཉིས་ནས་ཞིབ་བཤེར་དང་འཛིན་བཟུང་བྱེད་པའི་བྱ་ཐབས་སྤྱད་པ་མ་ཟད། ཉེས་གསོག་དོགས་ཅན་གྱི་ལག་ཐོགས་ཁ་པར་ནས་ཁ་པར་བརྒྱབ་པའི་ཟིན་ཐོར་བལྟས་པ་བརྒྱུད། ཉེས་གསོག་དོགས་ཅན་གཞན་ཞིག་ལྷ་སར་བྲོས་བྱོལ་དུ་འགྲོ་རྩིས་ཡོད་པ་ཤེས་རྟོགས་ཐུབ་པ་རེད། མཐར་གཞིས་རྩེ་ནས་ཉེས་གསོག་དོགས་ཅན་གསུམ་བཟུང་བ་དང་གྱོད་གཞི་ཐོན་པ་ནས་ཉེས་གསོག་དོགས་ཅན་བཟུང་བའི་བར་ཆུ་ཚོད་6ལྷག་ཙམ་ལས་འགོར་མེད།
གྱོད་གཞིར་གསང་སྲུང་རང་བཞིན་ཆེ་བས་བཟང་པོ་དང་ནང་མིའི་དབར་འབྲེལ་བ་བྱེད་པ་ཉུང་ཉུང་ཡིན་ཞིང་། ཉེས་དོན་མྱུལ་ཞིབ་ལས་ཀར་ཞུགས་ནས་ལོ་13སོང་རིང་། ལོ་ན་བགྲེས་པའི་ཕ་མ་དང་ན་སོ་གཞོན་པའི་ཕྲུ་གུར་ལྟ་རྟོག་བྱེད་པའི་འགན་འཁྲི་ཡོད་ཚད་བཟའ་ཟླ་གཅིག་པུའི་ཕྲག་ཏུ་བབས་ཡོད། བཟང་པོ་ཡུན་རིང་ཕྱིར་ཉེས་ཅན་པ་བཟུང་བ་དང་སྐོར་གཡེང་སོགས་ཀྱི་ལས་དོན་སྒྲུབ་པར་བསྟུད་མར་སྐྱོད་དགོས་་སྟབས། ངལ་གསོ་ཡག་པོ་རྒྱག་ཁོམ་མ་བྱུང་བའི་དབང་གིས་ཕོ་བའི་ནད་སོགས་ཕོག་ཡོད། ཡིན་ནའང་དེ་དག་གིས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་བཟང་པོའི་གོམ་སྟབས་འགོག་མ་ཐུབ་པར་ཁོང་གིས་སྔར་བཞིན་སྤུ་ཧྲེང་གི་རིག་དངོས་བདེ་འཇགས་སྲུང་སྐྱོང་གི་འཐབ་ས་མདུན་མ་བརྟན་པོར་སྲུང་བཞིན་ཡོད། “ཡང་མིན་ན་ཉེན་རྟོག་པ་རྩ་བ་ནས་བྱེད་རྒྱུ་མེད། ཉེན་རྟོག་པ་ཞིག་བྱས་ཕྱིན་གྱོད་གཞི་སྒྲུབ་དགོས་པ་མ་ཟད། གྱོད་གཞི་ཡག་པོ་སྒྲུབ་དགོས”ཞེས་པའི་སྐད་ཆ་འདི་ནི་བཟང་པོའི་ལས་སྒྲུབ་ཀྱི་རྩ་དོན་ཞིག་རེད།
བཟང་པོས་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་ལས་དོན་སྒྲུབ་པ་དང་། ཁོང་གི་ལས་ཀའི་འཇོན་ཐང་ལ་ས་གནས་དེ་གའི་སྲིད་གཞུང་དང་། གོང་རིམ་སྤྱི་བདེ་ལས་ཁུངས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད། ཁོང་ལ་བྱས་རྗེས་རིམ་པ་གསུམ་པ་ཐེངས་1དང་བྱ་དགའ་ཐེངས་2ཐོབ་མྱོང་ཡོད། གཟི་བརྗིད་མང་པོ་ནི་དཀའ་སྡུག་དང་། ཉེན་ཁ། མི་སེམས་འགུལ་བ་བཅས་ཀྱི་གཏམ་རྒྱུད་ལས་བྱུང་ཞིང་། བཟང་པོས་དེ་བས་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་ལ་བརྟེན་ནས་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་འཐབ་ས་མདུན་མར་ཁ་ཁུ་སིམ་པོས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད།