ཟས་རིགས་སོས་མཐོང་ཤེལ་ཏོག་གི་རིགས་བསྒར་མི་ཆོག་པའི་གཏན་འབེབས་བཏོན་རྗེས།
ལྷ་སའི་སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རར་བཅར་འདྲིར་བསྐྱོད་པ།
འདི་ནི་ཁྲེང་ཀོན་ཆུས་གནམ་གཤིས་ཅུས་ཀྱི་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཕག་ཤ་འཚོང་ཁུལ་ཡིན་པ།
གསར་འགོད་པར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་12ནས་བཟུང་རང་ལྗོངས་སུ་ཟས་རིགས་སོས་མཐོང་ཤེལ་ཏོག་གི་རིགས་བསྒར་མི་ཆོག་པར་ཤ་ཚལ་གདོད་མའི་ཁ་དོག་ཇི་མ་ཇི་བཞིན་ཁྲོམ་རར་ཕྱོགས་ཡོངས་ནས་འདོན་དགོས་པ་དང་སྒྲིག་སྲོལ་ལས་འགལ་ཚེ་དངུལ་ཆད་མཐོ་ཤོས་སྒོར་ཁྲི་3གཏོང་རྒྱུའི་གཏན་འབེབས་བཏོན་པ་རེད། འོ་ན་ལྷ་སའི་ཁྲོམ་རར་ད་དུང་ཤེལ་ཏོག་དེ་རིགས་བསྒར་མཁན་ཡོད་དམ། ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་མང་པོར་བསྐྱོད་སྐབས། ཚོང་པས་ཤེལ་ཏོག་དེའི་རིགས་སྔ་ས་ནས་བརྗེ་པོ་བརྒྱབ་ཟིན་པ་དང་། ཚོང་པ་མི་ཉུང་བ་ཞིག་གིས་མིག་སྔར་ཤེལ་ཏོག་དེའི་རིགས་བསྡུས་ཟིན་རུང་ཤེལ་ཏོག་གཞན་བསྒར་བའི་ཞིབ་ཕྲའི་ཚད་གཞི་མི་ཤེས་པས། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་མི་སྣས་ཞིབ་བཤེར་བྱས་རྗེས་བརྗེ་པོ་རྒྱག་མཁན་ཡིན་པ་ཤེས་རྟོགས་བྱུང་།
གྲོང་མིས་ཤེལ་ཏོག་བརྗེས་རྗེས་ཟས་རིགས་ཉོ་སྐབས་དེ་བས་བློ་བདེ་པོ་འདུག
ཟས་རིགས་སོས་མཐོང་ཤེལ་ཏོག་དེ་རིགས་གཅིག་རྗེས་གཉིས་མཐུད་ངང་བརྗེ་པོ་བརྒྱབ་པ་དང་བསྟུན་ནས། སྔོ་ཚལ་དང་། ཤིང་འབྲས། ཤ་རིགས་སོགས་བཟའ་བཅའ་སོས་པའི་གདོད་མའི་ཁ་དོག་ཇི་མ་ཇི་བཞིན་མངོན་པས་བྱེད་ཐབས་དེར་གྲོང་མི་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། གསར་འགོད་པས་ཏ་མའེ་སྒོ་རྩིས་ཚོང་ཁང་ཧྲེན་ལི་ཚོང་ཁང་དུ་གྲོང་མི་མང་པོས་ཟས་རིགས་སོས་པའི་ཁུལ་དུ་ཤ་རིགས་འདེམས་བཞིན་ཡོད་པ་མཐོང་བྱུང་། དེ་སྔ་གསར་འགོད་པས་མཐོང་བ་དང་མི་འདྲ་བར། དེ་གའི་ཟས་རིགས་སོས་མཐོང་ཤེལ་ཏོག་དག་གི་ཚབ་ཏུ་ཤེལ་ཏོག་དཀྱུས་མ་བསྒར་འདུག
ཟས་རིགས་སོས་མཐོང་ཤེལ་ཏོག་སྤྱོད་པའི་ཁྱབ་ཁོངས་ནི་རྗེན་ཟས་ཁོ་ན་མ་ཡིན་པར། གྲང་ཚལ་ཚོང་ཁང་ཁ་ཤས་ཀྱིས་མདོག་དྲི་བྲོ་བཅས་ལྡན་ཆེད། ཤེལ་ཏོག་དེ་རིགས་སྣ་ཚོགས་སྤྱོད་ཀྱི་ཡོད། བདེ་སྡོད་ཁང་བདུན་པར་སྡོད་མཁན་གྲོང་མི་བློ་བཟང་ཕུན་ཚོགས་ཀྱིས“དེ་སྔ་གྲོང་བྱང་ཚལ་ཁྲོམ་གྱི་གྲང་ཚལ་ཚོང་ཁང་དུ་ཤེལ་ཏོག་དེ་རིགས་སྤྱོད་པ་མཐོང་བྱུང་། གྲང་ཚལ་སྟེང་ཤེལ་ཏོག་དམར་པོའི་མདངས་བརྒྱབ་ཚེ་ཞིམ་མདོག་ཁ་པོ་ཞིག་མཐོང་གི་འདུག འོན་ཀྱང་ངས་དངུལ་སྤྲད་ནས་ཕྱིར་དོན་རྗེས་མདོག་དེ་ཙམ་ཡག་པོ་མིན་འདུག འོན་ཀྱང་ཚོང་པར་ཡང་དེའི་ཐད་རྩོད་པ་རྒྱག་འདོད་མེད་པར་ཁྱིམ་དུ་ལོག་པ་ཡིན། ད་ཆ་ཤེལ་ཏོག་དེ་རིགས་སྤྱོད་མི་ཆོག་པས་གནས་ཚུལ་འབྱུང་རྩ་ནས་ཐག་གཅོད་ཐུབ་ཡོད་ཅེས་བཤད། དེ་རྗེས་གསར་འགོད་པས་བློ་བཟང་ཕུན་ཚོགས་ཀྱིས་བཤད་པའི་གྲང་ཚལ་ཚོང་ཁང་དུ་སྐྱོད་སྐབས། ཚོང་ཁང་དེས་ཤེལ་ཏོག་དེ་རིགས་བརྗེས་ཟིན་འདུག
ཚོང་པས་ཤེལ་ཏོག་གི་རིགས་གཅིག་རྗེས་གཉིས་མཐུད་ངང་བརྗེས་པ།
“ཟླ་བ་གོང་མར་འབྲེལ་ཡོད་ཀྱི་བརྡ་ཐོ་འབྱོར་རྗེས་ང་ཚོས་ལས་དོན་པ་བཀོད་སྒྲིག་བྱས་ནས་དག་ཐེར་བྱས་པ་ཡིན། ཁྱེད་ཀྱིས་གཟིགས་དང་། ད་ཆ་ཤ་རིགས་བྲིན་ཚོང་ཁུལ་གྱི་ཤེལ་ཏོག་ཚང་མ་ཤེལ་ཏོག་དཀྱུས་མར་བརྗེས་ཡོད”ཅེས་ཏ་མའེ་སྒོ་རྩིས་ཚོང་ཁང་ཧྲེན་ལི་ཚོང་ཁང་གི་སྦྱིན་བདག་ཏན་ཕུང་གིས་གསར་འགོད་པར་བཤད།
གསར་འགོད་པས་བཅར་འདྲི་བྱེད་སྐབས་སྒོ་རྩིས་ཚོང་ཁང་དེའི་ལས་མིས་ཉིན་ཤས་གོང་བཀོག་པའི་གློག་ཆས་དག་ཐོ་འགོད་ཐག་གཅོད་བྱེད་བཞིན་ཡོད་པ་མཐོང་བྱུང་། ཏན་ཕུང་གིས་གསར་འགོད་པར་ད་ཆ་ཤེལ་ཏོག་གི་ཞིབ་ཕྲའི་ཚད་གཞི་གང་ཡིན་ཤེས་མ་སོང་། ང་ཚོས་སྔོན་ལ་བརྗེ་པོ་རྒྱག་པ་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་པས་ཞིབ་བཤེར་དང་མཛུབ་ཁྲིད་བྱས་རྗེས་སྒོ་རྩིས་ཚོང་ཁང་གིས་སླར་ཡང་གཏན་འབེབས་ལྟར་བརྗེ་པོ་བརྒྱབ་སྟེ་འབྲེལ་ཡོད་བླང་བྱ་དང་མཐུན་པ་བྱེད་ཀྱི་་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་སེ་ར་ལམ་དུ་ཡོད་པའི་ཧྲེང་མེ་ཅཱ་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་སུའུ་ཐའོ་ཡིས་གསར་འགོད་པར། ཟླ་11ཚེས་25ཉིན་ནས་བཟུང་། ང་ཚོས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་བླང་བྱ་ལྟར་སོས་ཉར་ཁུལ་དུ་ཤེལ་ཏོག་དཀྱུས་མ་བརྗེས་ཟིན་པ་ཡིན་ཞེས་བཤད།
ཚོང་པ་མི་ཉུང་བ་ཞིག་གིས་ཟས་རིགས་སོས་མཐོང་ཤེལ་ཏོག་དག་ཤེལ་ཏོག་དཀྱུས་མར་བརྗེས་པ་དེས་ཚོང་པ་དང་འཛད་སྤྱོད་པ་གཉིས་ཀའི་ངོས་ནས་བརྗོད་ན་བྱ་བ་བཟང་པོ་ཞིག་རེད། གྲོང་མིས་ཉོས་པའི་ཤ་དག་ཁྲོམ་རར་མཐོང་བ་ལྟར་སོས་པ་མེད་པ་ཤེས་རྗེས་ཞུ་གཏུག་རྒྱག་གི་ཡོད་པས། ཚོང་པར་ཡང་རྙོག་དྲ་མང་པོ་བཟོ་གི་འདུག ཤེལ་ཏོག་དཀྱུས་མ་བརྗེས་རྗེས། འཛད་སྤྱོད་པ་བློ་བདེ་པོ་ཡོད་པས་ཡང་བསྐྱར་ཉོ་བར་ཡོང་འདོད་བྱེད་ཀྱི་འདུག་ཅེས་བཤད།
ལྟ་འདོམས་སྡེ་ཚན་གྱིས་གྲོང་ཁྱེར་ཡོངས་སུ་གྲལ་བཤེར་བྱས་པ།
ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་བཟའ་བཅའ་གཉེར་སྐྱོང་ཁོའོ་ཡི་ཁོའོ་ཀྲང་ཧོང་ཅ་ཆིས་ངོ་སྤྲོད་བྱས་དོན། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《ཞིང་ལས་ཐོན་རྫས་ཀྱི་བཟའ་བཅའི་ཁྲོམ་རའི་བྲིན་ཚོང་སྤུས་ཚད་བདེ་འཇགས་ལྟ་འདོམས་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)གཞིར་བཟུང་། ཟླ་12ཚེས་1ཉིན་ནས་བཟུང་། ཞིང་ལས་ཐོན་རྫས་ཀྱི་བཟའ་བཅའ་ཕྱིར་ཚོང་བྱེད་སྐབས་གློག་སྣ་ཚོགས་ལ་བརྟེན་ནས་བཟའ་བཅའི་རང་མདོག་དང་བཟོ་ལྟར་འགྱུར་ལྡོག་མངོན་གསལ་དོད་པོ་བཏང་སྟེ་འཛད་སྤྱོད་པར་མགོ་སྐོར་གཏོང་མི་རུང་།
“ཞིང་ལས་ཐོན་རྫས་ཀྱི་བཟའ་བཅའ་འཚོང་སའི་གློག་ཆས་སྤྱོད་ཚུལ་དེ་བས་ཚད་ལྡན་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་གང་ཐུབ་བྱ་ཆེད། ཉེ་དུས་ང་ཚོས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཟས་རིགས་སོས་མཐོང་ཤེལ་ཏོག་སྤྱོད་པ་གཏན་འགོག་གི་གྲལ་བཤེར་ཆེན་པོ་བྱས་པ་ཡིན། རྫོང་དང་ཆུས་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཀྱང་དུས་མཚུངས་སུ་ཞིབ་བཤེར་བྱས་ཏེ་ཞིང་ལས་ཐོན་རྫས་ཀྱི་བཟའ་བཅའི་སྡེབ་ཚོང་ཁྲོམ་ར་དང་། ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར། ཁྲོམ་ར་ཆེ་གྲས། ཤ་ཚལ་དང་དེ་བཞིན་ཤིང་འབྲས་ཚོང་ཁང་སོགས་གཉེར་སྐྱོང་བྱེད་པོ་གཙོ་གནད་དུ་བྱས་ནས་བཟའ་བཅའི་ཞིང་ལས་ཐོན་རྫས་ཚོང་མཁན་གྱིས་སྤྱད་པའི་ཤེལ་ཏོག་ལ་རང་བཤེར་རང་བཅོས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་། འཛད་སྤྱོད་པར་ཤུགས་རྐྱེན་ཐེབས་སྲིད་པའི་ཤེལ་ཏོག་དེ་རིགས་ཚང་མ་བརྗེ་རུ་བཅུག་ཡོད། ཟླ་12ཚེས་1ཉིན་ནས་བཟུང་། ཚོང་པས་ཁྲིམས་འགལ་ངང་ཤེལ་ཏོག་དེ་རིགས་སྤྱད་པ་ཤེས་རྟོགས་བྱུང་ཚེ་12315དང་12345ལ་ཐེར་འདོན་བྱེད་ཆོག”ཅེས་ཧོང་ཅ་ཆིས་བཤད།
ཚོང་པས་དོ་སྣང་བྱེད་པའི་གློག་ཆས་བེད་སྤྱོད་ཚད་གཞིའི་གནད་དོན་ལ་དམིགས་ནས་ཧོང་ཅ་ཆིས་མིག་སྔར་ལྟ་འདོམས་ཁྲིམས་སྒྱུར་རིང་གློག་ཆས་ཚད་གཞི་དང་མཐུན་མིན་བརྡར་ཤ་གཅོད་པར་གཙོ་བོ་གནད་དོན་གཉིས་ལ་གཞིར་བཟུང་དགོས་པ་སྟེ། གཅིག་ནི་ཞིང་ལས་ཐོན་རྫས་ཀྱི་བཟའ་བཅའི་རང་མདོག་དང་དེའི་བཟོ་ལྟར་འགྱུར་ལྡོག་མངོན་གསལ་དོད་པོ་མི་འགྲོ་བ་དང་། གཉིས་ནི་ཤེལ་ཏོག་དེ་རིགས་ཀྱིས་འཛད་སྤྱོད་པ་འཁྲུལ་བའི་གནད་དོན་མི་ཐོན་པ་དེ་ཡིན། ཚང་མས་གླེང་བའི་གནད་དོན་ང་ཚོས་བསྡུ་རུབ་བྱས་ནས་གོང་རིམ་སྡེ་ཚན་ལ་ཞུ་རྒྱུ་ཡིན་པས། མཛུབ་ཁྲིད་བསམ་འཆར་འགའ་འདོན་རྒྱུའི་རེ་བ་ཡོད། དང་ཐོག་ལྟ་འདོམས་སྡེ་ཚན་གྱིས་ད་དུང་ཁ་ཏ་བསླབ་བྱའི་ཁྲིམས་སྒྱུར་གཙོ་བོར་བྱ་རྒྱུ་དང་། སྔར་བཞིན་ཚད་གཞི་དང་མི་མཐུན་པའི་ཤེལ་ཏོག་དེ་རིགས་སྤྱོད་མཁན་ལ་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་བ་དང་ཐ་ཚིག་སྒྲོག་རྒྱུ་རེད། དེ་རྗེས་ད་དུང་ཡོ་བསྲང་མ་བྱས་ཚེ་སྒོར་5000ཡན་ནས་སྒོར་30000མན་གྱི་དངུལ་ཆད་གཅོད་རྒྱུ་རེད་ཅེས་ཧོང་ཅ་ཆི་ཡིས་བཤད།