དམིགས་བསལ་གྱི་རྩལ་ཁྲིད་དམག་དཔོན“ཁྱོ་ཤུག”ཟུང་ལ་བསྔགས་བརྗོད་ཀྱི་འཕྲིན་ཡིག་ཅིག
འདི་ནི་ཀྲོའུ་ཧྲེང་ཧའོ་དང་ཝང་ཅིང་ཁྱོ་ཤུག་གཉིས་ཀྱིས་སློབ་མ་ཚོར་དམག་སྦྱོང་བྱེད་བཞིན་པ།
“བློ་མཐུན་ཁོང་གཉིས་ཀྱིས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་བ་དང་། ལོ་མང་པོའི་རིང་དཔུང་སྡེ་ནས་འཇགས་པའི་ཐོག་ལྟར་དྲག་ལ་གློག་ལྟར་མྱུར་བ་དང་ཕུལ་བྱུང་དོན་གཉེར་བྱེད་པའི་གཤིས་སྤྱོད་བཟང་པོ་ཡིས། སློབ་གྲྭའི་དགེ་སློབ་མང་པོར་སེམས་འགུལ་ཐེབས་བྱུང་། དེ་ནི་ང་ཚོས་སློབ་སྦྱོང་བྱེད་འོས་པ་ཞིག་རེད། ཁྱེད་ཚོས་གསོ་སྐྱོང་བྱས་པའི་ཕུལ་བྱུང་ཉེན་རྟོག་དཔོན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བློ་མཐུན་ཁོང་གཉིས་ཀྱི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་གུས་འདུད་ཞུ་རྒྱུ་ཡིན” ཉིན་ཤས་་གོང་། བོད་ལྗོངས་གྲོ་མོ་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ལ་ཧྲའན་ཤིས་ཞིང་ཆེན་ཏན་ཧྥུང་རྫོང་མི་དམངས་དྲག་ཆས་པུའུ་ནས་བསྐུར་པའི་འཕྲིན་ཅིག་འབྱོར་བ་དང་། དེའི་ནང་བསྟོད་བསྔགས་བྱས་པའི་བློ་མཐུན་གཉིས་ནི་ས་ཚིགས་དེའི་ཀྲོའུ་ཧྲེང་ཧའོ་དང་ཝང་ཅིང་ཁྱོ་ཤུག་ཟུང་ཡིན་ལ། ཁོང་གཉིས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ནི། རང་ཉིད་ཀྱིས་བྱེད་འོས་པའི་ལས་ཀར་ཏན་ཧྥུང་རྫོང་དྲག་ཆས་པུའུ་དང་ཕ་ཡུལ་གྱི་སློབ་གྲྭའི་དགེ་སློབ་ཚོས་ཁས་ལེན་དང་གདེང་འཇོག་དེ་འདྲའི་མཐོན་པོ་བྱས་པ་དེ་རེད།
ད་ལོའི་ཟླ་བརྒྱད་པའི་ཟླ་འགོར། འཁོར་ཞག་བསྡད་དེ་ཕྱིར་ཕ་ཡུལ་དུ་ལོག་པའི་ཀྲོའུ་ཧྲེང་ཧའོ་དང་ཝང་ཅིང་ཁྱོ་ཤུག་ཟུང་ལ་ཏན་ཧྥུང་རྫོང་མི་དམངས་དྲག་ཆས་པུའི་ཁ་པར་ཞིག་འབྱོར་ནས“འོས་འགན”དམག་སྦྱོང་གི་ལས་འགན་སྒྲུབ་ཁོམ་ཡོད་མེད་དྲིས་པར། ཁྱོ་ཤུག་ཟུང་གིས་རང་ཉིད་ཀྱི་ངལ་གསོའི་དུས་ཚོད་དང་ནང་མི་ལྷན་འཛོམས་ཀྱི་གོ་སྐབས་དོར་ཞིང་། ལོ་ན་ཆུང་བའི་ཕྲུ་གུ་ཕ་མར་བཅོལ་རྗེས། ཉིན་21རིང་ཚ་གདུག་ལ་མ་འཛེམ་པར་གཏོགས་ཁོངས་དེའི་སློབ་འབྲིང་གསུམ་གྱི་སློབ་མའི་དམག་སྦྱོང་ལས་འགན་སྔ་རྗེས་སུ་ལེགས་སྒྲུབ་བྱས་པ་རེད།
“ལས་ཀ་སྤྱིར་བཏང་ཞིག་བསྒྲུབས་པར་ཕ་ཡུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་ཤེས་དང་། ཁས་ལེན། རྒྱབ་སྐྱོར་བཅས་ཐོབ་པ་ནི་སྐུལ་ལྕག་ཆེན་པོ་ཞིག་ཡིན་ལ། སླད་ཕྱིན་འགན་འཁྲི་གཙང་སྒྲུབ་དང་གནས་གཅེས་ལས་བརྩོན་བྱས་ནས་རྒྱལ་སྒོའི་བདེ་འཇགས་ལ་འགན་ལེན་བྱེད་པའི་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། གོམ་སྟབས་རྗེས་མར། ང་ཚོས་མི་དམངས་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་བྱ་བ་དངོས་དང་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་ཀྲོའུ་ཧྲེང་ཧའོ་དང་ཝང་ཅིང་གིས་བཤད།