དགུན་དུས་ཀྱི་ལྷད་མེད་བརྩེ་སེམས།
“བློ་མཐུན་ཉེན་རྟོག་པ་ལགས། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་རྣམ་པ་མེད་ན་འཁྱགས་ཤི་ཐེབས་རྒྱུ་ཉག་ཅིག་རེད། ཐུགས་རྗེ་ཆེ”
ཟླ་11ཚེས་10ཉིན་གྱི་ཆུ་ཚོད་19ཡོལ་ཙམ་ལ་སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སྐོར་གཡེང་བྱེད་སྐབས། རྒྱལ་རྩེ་རྫོང་ནས་ལྷ་སར་འགྲོ་མཁན་SUVརླངས་འཁོར་དཀར་པོ་ཞིག་ཨིན་ཇིར་སྐྱོན་ཤོར་ནས་དཔལ་སྡེ་ཤང་རྒྱལ་ལམ་གྱི་གུག་ཆ་ཞིག་ཏུ་ཁ་བཀག་ནས་བསྡད་ཡོད་པ་མཐོང་བ་རེད། མིག་སྔར་གནམ་གཤིས་གྲང་ངར་ཆེ་བའི་སྒང་ཡིན་པ་མ་ཟད། མཐོ་ཚད་སྨི་4500ཙམ་ཡོད་པའི་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་ཚད་ཀླད་ཀོར་འོག་ཏུ་སླེབས་ཀྱི་ཡོད་པས། མི་3པོ་འཁྱགས་འདར་ཤོར་བཞིན་དུ་ལམ་ཟུར་དུ་ལངས་ནས་རོགས་པ་བྱེད་མཁན་བསྒུགས་ནས་བསྡད། “བློ་མཐུན་ལགས། འདི་གར་ཧ་ཅང་གྲང་བས་སྔོན་ལ་ང་ཚོའི་རླངས་འཁོར་ནང་སྡོད་ཅིག ང་ཚོས་རླངས་འཁོར་བཟོས་རྗེས་ཁྱེད་ཚོ་སྐད་བཏང་ཡོང”ཞེས་དཔལ་སྡེ་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་ངག་དབང་གིས་བཤད།
གུག་ཆར་རླངས་འཁོར་ཁ་བཀག་ཚེ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་སྲིད་པར་བསམ་གཞིག་བྱས་ཏེ་སྐོར་གཡེང་མི་དམངས་ཉེན་རྟོག་པས་འཕྲལ་མར་རླངས་འཁོར་གྱི་རྒྱབ་མདུན་དུ་འགྲིམ་འགྲུལ་དྲན་སྐུལ་བྱང་བུ་བསླངས་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་བསལ་བ་རེད། དེ་དང་ཆབས་ཅིག རླངས་འཁོར་སྐྱོན་གང་དུ་ཤོར་མེད་ལ་ནན་ཏན་ངང་བལྟས་ཏེ། མེ་ཐེངས་མང་སྤར་བས་མཐར་རླངས་འཁོར་ལ་མེ་སྤར་ཐུབ་པ་རེད། རླངས་འཁོར་གྱི་མེ་ཡང་བསྐྱར་ཤི་ན་གང་མགྱོགས་རོགས་པ་བྱེད་ཐུབ་པ་བྱ་ཆེད། སྐོར་གཡེང་མི་དམངས་ཉེན་རྟོག་པས་SUVརླངས་འཁོར་དེ་སྤྱི་ལེ་6ཙམ་བར་བསྐྱལ་བ་དང་རླངས་འཁོར་རྒྱུན་གཏན་ལྟར་འགྲོ་ཐུབ་པ་མཐོང་རྗེས། གཞི་ནས་བློ་བདེ་པོ་བྱུང་སྟེ་མུ་མཐུད་སྐོར་གཡེང་ལ་བསྐྱོད་པ་རེད།