དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་སའི་བཟའ་བཏུང་ཚན་པ་གསུམ་ལ་དག་ཐེར་བྱེད་དགོས་པའི་བརྡ་ཐོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    འདི་ནི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་མི་སྣས་སྨན་གྱི་སྤུས་ཚད་འགན་ལེན་དུས་ཚོད་ཡོལ་མིན་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་དུ་གཏོད་རྒྱུ་དམ་འཛིན་བྱེད་གཞིར་བྱས་ཏེ། ཀུན་བདེ་གླིང་ཁྲོམ་གཞུང་ཙེ་ཤིན་སྡེ་ཁུལ་དང་ཁྲོམ་གཞུང་ཁྲོམ་ར་ལྟ་འདོམས་སུའོ་ཡིས་ཁོངས་གཏོགས་ཁུལ་གྱི་ཟ་ཁང་ལ་ཆེད་དོན་ཞིབ་བཤེར་བྱས་ནས། བཟའ་བཏུང་ལས་རིགས་ཀྱི་བཟའ་བཅའི་བདེ་འཇགས་སྔར་བས་ཚད་ལྡན་དུ་བཏང་བ་རེད།

    ཟླ་11ཚེས་24ཉིན་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་ཟ་ཁང་ཆེ་འབྲིང་གཅིག་སྡུད་ཆེ་བའི་ཐེན་ཧའེ་ལམ་དུ་བསྐྱོད་ནས། ཟ་ཁང་ཁག་གཅིག་ལ་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་ཤིང་། ཟ་ཁང་གི་ཐབ་ཚང་གཙང་སྦྲ་ཡག་པོ་ཡོད་མེད་དང་། བཟའ་བཅའ་ལས་སྣོན་གྱི་བཀོལ་སྤྱོད་བརྒྱུད་རིམ་ཚད་ལྡན་ཡིན་མིན། ལས་མིར་བདེ་ཐང་ལག་ཁྱེར་ཡོད་མེད། མ་བཅོས་རྒྱུ་ཆ་འཐེན་སའི་འཛིན་ཤོག་དང་སྤ་སེ་ཆ་ཚང་པོ་ཡོད་མེད་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་གསར་འགོད་པས་ཟ་ཁང་ཚང་མས་མདུན་སྒྲོམ་གྱི་མངོན་གསལ་དོད་སར་བཟའ་བཅའི་བདེ་འཇགས་ལྟ་འདོམས་ཀྱི་ཆ་འཕྲིན་སྤྱི་བསྒྲགས་བྱང་བུ་སྦྱར་ཡོད་པ་དང་དེའི་ཐོག་ལས་གཉེར་ལག་ཁྱེར་དང་། བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར། ལས་གཉེར་མི་སྣའི་བདེ་ཐང་ལག་ཁྱེར་སོགས་སྦྱར་ཡོད་པ་མཐོང་བྱུང་།

    “འཁྱགས་སྒམ་ཉིན་ག་ཚོད་ལ་གཙང་སེལ་བྱེད་ཀྱི་ཡོད་དམ། ཟས་རིགས་ལ་སོས་ཉར་འགྱིག་ཤོག་གཡོག་དགོས་པ་ལས་ཐད་ཀར་འཇོག་མི་རུང”ཞེས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་མི་སྣས་བཤད་པ་དང་། ཐབ་ཚང་སྦུག་ཏུ་སྐྱོད་སྐབས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་མི་སྣས་འཁྱགས་སྒམ་གྱི་ཁ་ཕྱེ་ནས་དེའི་ནང་གི་བཟའ་བཅའི་མ་བཅོས་རྒྱུ་ཆའི་སྤུས་ཚད་འགན་ལེན་གྱི་དུས་ཚོད་ཡོལ་མེད་དང་བླང་བྱ་ལྟར་ཉར་ཚགས་བྱས་མིན་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་ཆབས་ཅིག ཐབ་ཚང་སྦུག་གི་བཟའ་བཅའ་ལས་སྣོན་བཀོལ་སྤྱོད་མཁན་གྱིས་ཁ་རས་བརྒྱབ་མིན་དང་། གྱོན་ཆས་ཚད་ལྡན་གྱོན་མིན། ཐབ་ཚང་གི་གཙང་སྦྲ་ཡག་པོ་ཡོད་མེད་སོགས་ལ་ལྟ་ཞིབ་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་མི་སྣས་ཟ་ཁང་མང་ཆེ་བའི་སྤྱི་ཡོངས་ཀྱི་གཙང་སྦྲའི་གནས་ཚུལ་ཡག་པོ་ཡོད་མོད། འོན་ཀྱང་ཟ་ཁང་འགའ་རེའི་ཐབ་ཚང་ལ་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ཡོད་པ་དཔེར་ན། ཆའོ་རྩིབ་ཤ་ཟ་ཁང་གི་ཐབ་ཚང་གི་པང་གཅལ་ཞག་ཚིས་ཁེངས་པ་དང་ཐབ་ཉེ་འགྲམ་གྱི་གཙང་སྦྲ་ཡག་པོ་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཡོད། གཞན་ཡང་ཟ་ཁང་ཁག་གཅིག་གིས་བཟའ་བཅའི་མ་བཅོས་རྒྱུ་ཆ་འཐེན་སའི་འཛིན་ཤོག་དང་སྤ་སེ་ལེན་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་མེད་པ་དང་། འཛིན་ཤོག་དང་སྤ་སེ་ཚད་ལྡན་མེད་པ། ཆ་ཚང་པོ་མེད་པ་བཅས་ཀྱི་གནད་དོན་ཡོད་པ་རེད། མའོ་ཅ་ཟ་ཁང་དུ་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་མི་སྣས་འཁྱགས་སྒམ་ནང་གི་ཤ་རིགས་བཟའ་བཅར་འབྲེལ་ཡོད་ཀྱི་ཞིབ་དཔྱད་སྙན་ཞུ་འདོན་དགོས་པའི་རེ་བ་འདོན་སྐབས། ཟ་ཁང་དེའི་ལས་དོན་མི་སྣས་ཐོན་རྫས་ཀྱི་ཐུམ་སྒྲིལ་དང་མཉམ་དུ་གཡུག་པར་ཁ་གཡར་ནས་འབྲེལ་ཡོད་སྤ་སེ་བཏོན་ཐུབ་མེད། དེ་དང་འདྲ་བར་ཅིང་ལའེ་ཧྲུན་ཟ་ཁང་དུ་གསར་འགོད་པས་ཟ་ཁང་དེའི་བཟའ་བཅའི་ཞིབ་དཔྱད་སྙན་ཞུའི་རེའུ་མིག་ལས་མངོན་པའི་དུས་ཚོད་ཚང་མ་2022ལོ་ཡིན་པ་མ་ཟད། ཚོང་ཟོག་མཁོ་འདོན་བྱེད་མཁན་ཁག་གཅིག་གི་འོས་ཐོབ་ཡང་དུས་ཚོད་ཡོལ་བ་མཐོང་། ཤེས་རྟོགས་བྱུང་བའི་གནད་དོན་ཐད་ཀུན་བདེ་གླིང་ཁྲོམ་གཞུང་ཁྲོམ་ར་ལྟ་སྐུལ་སུའོ་ཡིས་ཚང་མར་དག་ཐེར་བྱེད་དགོས་པའི་བརྡ་ཐོ་བཏང་བ་རེད།

    “ཟ་ཁང་མང་ཆེ་བའི་སྤྱི་ཡོངས་ཀྱི་གཙང་སྦྲའི་གནས་ཚུལ་དང་། དེ་བཞིན་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ཅུང་ཡག་པོ་འདུག ཡིན་ནའང་ང་ཚོས་ཞིབ་བཤེར་བྱེད་རིང་གནད་དོན་ཁག་གཅིག་ཤེས་རྟོགས་བྱུང་བས་འཕྲལ་དུ་ཚོང་པར་ས་གནས་ས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་ཡིན། གོམ་སྟབས་རྗེས་མར་ང་ཚོས་བཟའ་བཏུང་ལས་རིགས་མི་འདྲ་བར་དམིགས་ནས་ཞིབ་བཤེར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་ཀྱི་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་བཟའ་བཅའ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཁྲེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།