མགུལ་རྒྱན་བརླགས་པས་བུད་མེད་ཅིག་དང་མཛེས་བཟོ་ཁང་བར་རྩོད་གཞི་ཐོན་པ།
གསར་འགོད་པས་མཐུན་སྦྱོར་བྱས་རྗེས་ཕྱོགས་གཉིས་པོའི་དབར་མཐུན་འགྲིག་བྱུང་བ།
ཉེ་ཆར། གྲོང་མི་ཀྲོའུ་མིང་ཅན་གྱིས་འདི་ག་ཚགས་པར་གྱི་གསར་འགྱུར་ཐད་སྦྲེལ་ཁ་པར་བརྒྱབ་ནས། ཟླ་10ཚེས་22ཉིན་རང་ཉིད་ལྷ་སའི་ཤར་རྒྱུད་ཀྱི་མཛེས་བཟོ་ཁང་ཞིག་ཏུ་དཔུང་པ་དང་མཇིང་ཚིགས་འཕུར་མཉེད་གཏོང་བར་ཕྱིན་པ་དང་། དགོས་མཁོའི་དབང་གིས་འཕུར་མཉེད་གཏོང་མཁན་གྱིས་མགུལ་རྒྱན་ཕུད་དགོས་ལུགས་བཤད་པ་དང་སྦྲགས། མཛེས་བཟོ་མཁན་གྱིས་སྔོན་ནས་གྲ་སྒྲིག་བྱས་པའི་སྒམ་ཆུང་ནང་བླུགས། འཕུར་མཉེད་བཏང་ཚར་ནས་ཉིན་11སོང་རྗེས། གྲོང་མི་ཀྲོའུ་མིང་ཅན་གྱིས་མགུལ་རྒྱན་མེད་པ་ཤེས་པ་དང་། ཕྱིར་དྲན་ཞིབ་ཕྲ་བྱས་པ་བརྒྱུད་དཔུང་པ་དང་མཇིང་ཚིགས་ལ་འཕུར་མཉེད་གཏོང་དུས་སྐེ་ནས་ཕུད་པ་དྲན་ཏེ་འཕྲལ་མར་མཛེས་བཟོ་ཁང་དུ་འཚོལ་བར་ཕྱིན། མཐར་མཛེས་བཟོ་ཁང་ནས་མགུལ་རྒྱན་མ་རྙེད་པའི་ཁར། ཕྱོགས་གཉིས་པོའི་དབར་གྱོང་གུན་ཁ་གསབ་ཇི་ལྟར་སྤྲོད་མིན་ཐད་རྩོད་གཞི་ཐོན་བྱུང་ཞེས་བཤད།
1དུས་ཚོད་རིང་པོ་སོང་བས་མགུལ་རྒྱན་རྙེད་པར་དཀའ།
གྲོང་མི་ཀྲོའུ་མིང་ཅན་གྱིས་གསར་འགོད་པར་ཟླ་10ཚེས་22ཉིན་མཛེས་བཟོ་ཁང་དེར་དཔུང་པ་དང་མཇིང་ཚིགས་ལ་འཕུར་མཉེད་གཏོང་བར་ཕྱིན་པ་ཡིན། “སྐབས་དེ་དུས་འཕུར་མཉེད་གཏོང་མཁན་གྱིས་མགུལ་རྒྱན་ཕུད་རྗེས་ཅ་དངོས་བླུགས་སྒམ་དུ་བླུགས་སོང་། སྒམ་དེ་སྒྲོག་ཙེ་གང་ཞིག་ཏུ་བཞག་ཡོད་མེད་ངས་ཀྱང་དོ་སྣང་མ་བྱུང་། འཕུར་མཉེད་བཏང་ཚར་རྗེས། ངས་མགུལ་རྒྱན་དེ་རྦད་དེ་བརྗེད་འདུག་ལ། ང་ལོག་དུས་འཕུར་མཉེད་གཏོང་མཁན་གྱིས་ཀྱང‘ལུས་ཐོག་གི་དངོས་པོ་འཁྱེར་དགོས་པའི’དྲན་སྐུལ་གང་ཡང་མ་བྱས་པ་མ་ཟད། མགུལ་རྒྱན་ཡང་ང་ལ་སྤྲད་མ་བྱུང”ཞེས་བཤད།
གྲོང་མི་ཀྲོའུ་མིང་ཅན་ཉེ་དུས་གཟུགས་པོ་མི་བདེ་བའི་རྐྱེན་གྱིས་རྟག་ཏུ་གཉིད་མི་ཁུག་པས་ཉིན་ལྟར་ཉབ་བེ་ཉོབ་བེའི་ངང་གནས་པ་དང་། “གཟའ་འཁོར་གཅིག་ལྷག་ཙམ་སོང་རྗེས་གཟུགས་པོ་དྲག་ཏུ་འགྲོ་སྐབས་གཞི་ནས་མགུལ་རྒྱན་དེ་དྲན་བྱུང་། མགུལ་རྒྱན་དེའི་རིན་གོང་སྒོར་6000ལྷག་ཙམ་རེད” གྲོང་མི་ཀྲོའུ་མིང་ཅན་གྱིས“ང་ལ་དུས་རྒྱུན་མགུལ་རྒྱན་ཕུད་པའི་གོམས་གཤིས་མེད། གློ་བུར་དུ་མགུལ་རྒྱན་མེད་པ་མཐོང་སྐབས་བསམ་བློ་ཞིབ་ཕྲ་བཏང་བས་དེ་གོང་དཔུང་པ་དང་མཇིང་ཚིགས་ལ་འཕུར་མཉེད་གཏོང་སྐབས་ཕུད་པ་དྲན་བྱུང”ཞེས་བཤད། ཟླ་11ཚེས་2ཉིན། གྲོང་མི་ཀྲོའུ་མིང་ཅན་མཛེས་བཟོ་ཁང་དུ་མགུལ་རྒྱན་འཚོལ་བར་ཡོང་བ་རེད། མཛེས་བཟོ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཀྱང་འཕྲལ་མར་མཛེས་བཟོ་ཁང་གི་གནས་གང་སར་མགུལ་རྒྱན་འཚོལ་རོགས་བྱས་མོད། མཐར་མགུལ་རྒྱན་རྙེད་མེད། མཛེས་བཟོ་ཁང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར“ང་ཚོས་གྲོང་མི་ཀྲོའུ་མིང་ཅན་ལ་ཐག་གཅོད་བྱེད་པའི་ཇུས་གཞི་བཏོན་ཡང་གྲོང་མི་ཀྲོའུ་མིང་ཅན་གྱིས་མོས་མཐུན་མ་བྱས་པར་ལམ་སེང་ཉེན་རྟོག་པར་ཁ་པར་བརྒྱབ་སོང”ཞེས་བཤད།
གཅིག་ནས་དུས་ཡུན་ཉིན་11སོང་བ་དང་། གཉིས་ནས་འཕུར་མཉེད་གཏོང་བར་ཡོང་མཁན་གྱི་གསང་བ་སྲུང་ཆེད་མཛེས་བཟོ་ཁང་དུ་གློག་མིག་བསྒར་མེད་པས། མགུལ་རྒྱན་འཚོལ་དཀའ་བར་གྱུར། ཟླ་11ཚེས་2ཉིན། མཛེས་བཟོ་ཁང་གི་འབྲེལ་ཡོད་འགན་འཁུར་བས་དེ་ཉིན་གྲོང་མི་ཀྲོའུ་མིང་ཅན་ལ་འཕུར་མཉེད་གཏོང་མཁན་དེ་སྐད་བཏང་བ་རེད། འཕུར་མཉེད་གཏོང་མཁན་དེས་གྲོང་མི་ཀྲོའུ་མིང་ཅན་གྱི་མགུལ་རྒྱན་དེ་རྒྱན་ཆ་བླུགས་སྒམ་དུ་བླུགས་ནས་ཁ་བརྒྱབ་སྟེ་སྒྲོག་ཙེའི་ཐོག་ཏུ་བཞག་པ་ལས་ལག་པ་འཆང་མེད་ཅེས་བཤད། གྲོང་མི་ཀྲོའུ་མིང་ཅན་གྱིས་གསར་འགོད་པར། “སྐབས་དེར་འཕུར་མཉེད་གཏོང་མཁན་དེས་ཁོང་ཁྲོ་ཆེན་པོས་ངས་མགུལ་རྒྱན་འཁྱེར་མི་སྲིད་པས་ཉེན་རྟོག་པར་ཁ་པར་རྒྱོབ་ཅེས་ཟེར་གྱི་འདུག འོན་ཀྱང་རྐུ་རྒྱག་དང་འཕྲོག་བཅོམ་གྱི་གྱོད་གཞིའི་རིགས་མ་ཡིན་པར་མི་སྒེར་གྱི་རྒྱུ་དངོས་བོར་བརླག་སོང་བའི་གནས་ཚུལ་ཡིན་སྟབས། ཉེན་རྟོག་པས་ང་ཚོ་ཕན་ཚུན་གྲོས་བསྡུར་བྱས་ནས་ཐག་གཅོད་གྱིས་ཟེར་གྱི་འདུག”ཅེས་བཤད།
2 ཉེན་རྟོག་པ་ཡོང་ནས་དོན་དེ་ཐག་གཅོད་བྱེད་པའི་གྲོས་འགོ་བཏོན།
ཟླ་11པའི་ཚེས་15ཉིན། གསར་འགོད་པས་གྲོང་མི་ཀྲོའུ་མིང་ཅན་དང་མཉམ་དུ་མཛེས་བཟོ་ཁང་དུ་བསྐྱོད་ནས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་པ་དང་། མཛེས་བཟོ་ཁང་ནང་གི་ལས་དོན་པས་ཉེན་རྟོག་པར་ཁ་པར་བརྒྱབ་ནས་ཐག་གཅོད་བྱེད་པའི་རེ་བ་བཏོན་པ་དང་། ཁོ་ཚོས་ཀྱང་ནུས་ཤུགས་ཡོད་རྒུས་ཉེན་རྟོག་ཕྱོགས་ཀྱི་བརྟག་དཔྱད་ལ་གཞོགས་འདེགས་བྱས། གྲོང་མི་ཀྲོའུ་མིང་ཅན་གྱིས་དོན་དེའི་ཆེད་དུ་ཉེན་རྟོག་པར་ཁ་པར་ཐེངས་གཉིས་པ་བརྒྱབ་པ་རེད། ཉེན་རྟོག་པས་མཛེས་བཟོ་ཁང་གི་ཉེ་འགྲམ་ནས་ཟླ་10ཚེས་22ཉིན་གྲོང་མི་ཀྲོའུ་མིང་ཅན་མཛེས་བཟོ་ཁང་དེ་ནས་འགྲོ་འོང་བྱས་པའི་གློག་མིག་ལ་བལྟས་པ་དང་གློག་མིག་གི་བརྙན་ལམ་གསལ་པོ་མེད་པས། གྲོང་མི་ཀྲོའུ་མིང་ཅན་གྱིས་མཛེས་བཟོ་ཁང་ནས་འགྲོ་འོང་བྱེད་སྐབས། སྐེ་ལ་མགུལ་རྒྱན་བཏགས་ཡོད་མེད་གསལ་པོ་མི་མཐོང་བས་མཐར་གྲོང་མི་ཀྲོའུ་དང་མཛེས་བཟོ་ཁང་དབར་སྐད་ཆ་བྱས་ནས་ཐག་གཅོད་བྱེད་དགོས་པའི་གྲོས་འགོ་བཏོན།
གསར་འགོད་པས་ས་གནས་ས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་10ཚེས་22ཉིན། གྲོང་མི་ཀྲོའུ་མིང་ཅན་གྱི་དཔུང་པ་དང་མཇིང་ཚིགས་ལ་འཕུར་མཉེད་གཏོང་མཁན་དེ་ཟླ་10ཚེས་24ཉིན་ཆམ་པ་བརྒྱབ་ནས་དགོངས་པ་ཉིན་གཉིས་ཞུས་པ་དང་། ཉིན་གཉིས་སོང་རྗེས་འཕུར་མཉེད་གཏོང་མཁན་དེ་ལས་གནས་སུ་སླེབས་མེད་པ་མ་ཟད། མཛེས་བཟོ་ཁང་གི་འགན་འཁུར་བར་ལས་ཀར་མི་ཡོང་བའི་རྒྱུ་མཚན་ཡང་གསལ་བཤད་བྱས་མེད། དེ་རྗེས་གཟའ་འཁོར་གཅིག་སོང་ཡང་འཕུར་མཉེད་གཏོང་མཁན་དེ་སྔར་བཞིན་མཛེས་བཟོ་ཁང་དུ་ལས་ཀར་སླེབས་མེད་པ་རེད། མཛེས་བཟོ་ཁང་གི་འབྲེལ་ཡོད་འགན་འཁུར་བས་འཕུར་མཉེད་གཏོང་མཁན་དེ་ལས་གནས་སུ་མ་སླེབས་སྟབས། མཛེས་བཟོ་ཁང་གིས་ལས་གནས་ནས་ཁ་བྲལ་བར་ངོས་འཛིན་བྱས་པ་ཡིན་ཞེས་བཤད།
མཛེས་བཟོ་ཁང་གི་འབྲེལ་ཡོད་འགན་འཁུར་བས། “གྲོང་མི་ཀྲོའུ་མིང་ཅན་་ལ་འཕུར་མཉེད་གཏོང་མཁན་དེ་དགོངས་པ་ཞུས་རྗེས་ང་ཚོས་མཛེས་བཟོ་ཁང་དུ་གྲོང་མི་ཀྲོའུ་མིང་ཅན་གྱི་མགུལ་རྒྱན་བརླགས་པ་ཤེས་མ་བྱུང་། ཟླ་11ཚེས་2ཉིན་གྲོང་མི་ཀྲོའུ་མིང་ཅན་གྱིས་མཛེས་བཟོ་ཁང་དུ་མགུལ་རྒྱན་འཚོལ་བར་ཡོང་སྐབས། ང་ཚོས་གཞི་ནས་དོན་དག་དེ་ཤེས་བྱུང་ལ། ཟླ་11ཚེས་2ཉིན་འཕུར་མཉེད་གཏོང་དེ་མཛེས་བཟོ་ཁང་དུ་མགུལ་རྒྱན་འཚོལ་རོགས་བྱེད་པར་སྐད་བཏང་བ་ཡིན”ཞེས་བཤད། དེ་དུས་འཕུར་མཉེད་གཏོང་མཁན་དེ་ཁོང་ཁྲོ་ལངས་ནས་ཉེན་རྟོག་པར་ཁ་པར་རྒྱག་ཏུ་བཅུག་པས་གྲོང་མི་ཀྲོའུ་མིང་ཅན་དང་མཛེས་བཟོ་ཁང་དབར་གྱི་འགལ་བ་ཇེ་ཆེར་སོང་ནས་གྱོང་གུན་ཁ་གསབ་བྱེད་ཕྱོགས་་ཐད་གྲོས་མཐུན་བྱུང་མེད་པ་རེད།
3 དཔང་རྟགས་ཁུངས་བཙན་མེད་པས་མཐར་ཕྱོགས་གཉིས་ཀས་འགན་ཕྱེད་ཀ་རེ་འཁུར་རྒྱུ་བྱས།
ཟླ་11ཚེས་15ཉིན། གྲོང་མི་ཀྲོའུ་མིང་ཅན་གྱིས་ཡང་བསྐྱར་མཛེས་བཟོ་ཁང་དང་མགུལ་རྒྱན་གྱི་གྱོང་གུན་ཁ་གསབ་བྱེད་པའི་་སྐོར་ལ་གྲོས་མོལ་བྱས། གྲོང་མི་ཀྲོའུ་མིང་ཅན་གྱིས་མགུལ་རྒྱན་ནི་མཛེས་བཟོ་ཁང་ནས་བོར་བརླག་སོང་བ་མ་ཟད། མཛེས་བཟོ་ཁང་གིས་ལས་བཟོ་བར་གསོ་སྦྱོང་ཡག་པོ་མ་བྱས་པའི་རྐྱེན་གྱིས་ད་གཟོད་མཛེས་བཟོ་མཁན་གྱིས་གྲོང་མི་ཀྲོའུ་མིང་ཅན་གྱི་དཔུང་པ་དང་མཇིང་ཚིགས་འཕུར་མཉེད་བཏང་རྗེས་ཁོ་མོར“ལུས་ཐོག་གི་དངོས་པོ་འཁྱེར་དགོས་པ”སོགས་ཀྱི་དྲན་སྐུལ་གང་ཡང་མ་བྱས་པར་བརྟེན། རིན་གོང་སྒོར་6000ལྷག་ཙམ་རི་བའི་མགུལ་རྒྱན་བརླག་པར་ངོས་འཛིན་བྱས། མཛེས་བཟོ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ལས་བཟོ་བར་གསོ་སྦྱོང་དེ་རིགས་བྱས་མོད། སྐབས་དེར་འཕུར་མཉེད་མཁན་དེས་སྐུ་མགྲོན་ལ་དྲན་སྐུལ་མ་བྱས་པ་ནི་འཕུར་མཉེད་གཏོང་མཁན་གྱི་འགན་འཁྲི་ཡིན་པ་མ་ཟད། འཕུར་མཉེད་གཏོང་མཁན་དེ་ད་ཆ་མཛེས་བཟོ་ཁང་གི་ལས་བཟོ་བའི་གྲས་སུ་མི་གཏོགས་པས། མཛེས་བཟོ་ཁང་གིས་འགན་འཁྲི་ཚང་མ་འཁུར་ཐུབ་པ་མིན་འདུག་ཅེས་བཤད།
མཐར་སྐད་ཆ་བྱས་པ་བརྒྱུད། མཛེས་བཟོ་ཁང་གིས་གྲོང་མི་ཀྲོའུ་མིང་ཅན་གྱི་རིན་གོང་སྒོར་6000ལྷག་ཙམ་རི་བོའི་མགུལ་རྒྱན་ཕབ་རྩིས་བརྒྱབ་པ་དང་། ཕབ་རྩིས་བརྒྱབ་རྗེས་ཕྱོགས་གཉིས་ཀས་སྒོར་3254འདོན་དགོས་པ་ལྟར་མཛེས་བཟོ་ཁང་གིས་གྲོང་མི་ཀྲོའུ་མིང་ཅན་ལ་སྒོར་3254རི་བའི་གུན་གསབ་ཏུ་སྤྲད་པ་རེད། གཞན་ཡང་གྲོང་མི་ཀྲོའུ་མིང་ཅན་གྱིས་དེ་སྔ་མཛེས་བཟོ་ཁང་གི་གཱ་ལ་སྒོར་5099བླུགས་ཡོད་པ་དེ་ལས་མཛེས་བཟོ་ཁང་གིས་གྲོང་མི་ཀྲོའུ་མིང་ཅན་གྱི་་དངུལ་ལྷག་མ་དང་བཅས་ཁྱོན་སྒོར་4437ཕྱིར་བསློགས་པ་རེད།
དོན་རྐྱེན་དེར་དམིགས་ནས་གསར་འགོད་པས་ཁྲིམས་རྩོད་པར་བློ་འདྲི་བྱས། ཁྲིམས་རྩོད་པས་སྐུ་མགྲོན་ཚོས་མགུལ་རྒྱན་ནི་མཛེས་བཟོ་ཁང་དུ་བོར་བརླག་བྱུང་བ་ར་སྤྲོད་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་མཛེས་བཟོ་ཁང་ལ་དེ་མཚུངས་ཀྱི་གུན་གསབ་སྤྲོད་དགོས་པའི་རེ་བ་འདོན་ཆོག་མོད། འོན་ཀྱང་མགུལ་རྒྱན་དེ་མཛེས་བཟོ་ཁང་དུ་བོར་བརླག་སོང་བ་ར་སྤྲོད་བྱེད་པའི་དཔང་རྟགས་མེད་ཚེ། སྐུ་མགྲོན་དང་ཚོང་པས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་ཞེས་བཤད། དེར་བརྟེན། རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་དྲན་སྐུལ་ཞུ་རྒྱུར། ཚོང་པས་མཁོ་འདོན་བྱས་པའི་ཞབས་ཞུ་འཛད་སྤྱོད་བྱེད་སྐབས། རང་གིས་ཁྱེར་བའི་རྩ་ཆེའི་དངོས་པོ་རྣམས་མངགས་བཅོལ་ཡག་པོ་བྱེད་པའམ་རང་གིས་བདག་པོ་ཡག་པོ་རྒྱག་དགོས་པ་ལས་ལྷོད་གཡེང་ཤོར་ནས་དོན་མེད་ཀྱི་རྙོག་དྲ་གཏན་ནས་མི་ཐོན་པ་བྱེད་དགོས།