གཞིས་རྩེ་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་ཐབས་ལམ་གསར་པ་བཏོད་ནས་མེ་ཟོན་དྲིལ་བསྒྲགས་བྱས་པ།
འདི་ནི་སློབ་གྲྭར་མེ་ཟོན་དྲིལ་བསྒྲགས་བྱེད་པའི་རྣམ་པ་ཡིན་པ།
ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་དྲིལ་བསྒྲགས་དང་གསོ་སྦྱོང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས། གཏོཌ་ཁོངས་ཀྱི་སློབ་གྲྭ་དང་། ཁེ་ལས། སྡེ་ཁུལ་བཅས་སུ་རང་འགུལ་ངང་བསྐྱོད་དེ། ཁེ་ལས་དང་སློབ་གྲྭར་མེ་ཟོན་དྲིལ་བསྒྲགས་དང་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་དྲིལ་བསྒྲགས་བྱེད་སྒོ་དང་། མེ་ཟོན་གྱི“སྒོ་དབྱེའི་ཉིན་མོའི”བྱེད་སྒོ། འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་བྱེད་སྒོ་སོགས་མེ་ཟོན་ཤེས་བྱ་སྒོ་རྩར་དྲིལ་བསྒྲགས་ཀྱི་ཆེད་དོན་བྱེད་སྒོ་གཅིག་སྡུད་སྤེལ་ནས། མེ་ཟོན་བདེ་འཇགས་ཤེས་བྱ་ཁྱིམ་ཚང་ཁྲི་སྟོང་མང་བོར་ཁྱབ་གདལ་བཏང་བ་རེད།
བྱེད་སྒོ་སྤེལ་རིང་། མེ་ཟོན་རུ་མིས་མང་ཚོགས་ལ་མེ་གསོད་ཡོ་ཆས་དང་མེ་གསོད་ཆུ་སྦུག་སོགས་སྤྱོད་སྟངས་བསླབས་པ་མ་ཟད། ད་དུང་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། མེ་ཟོན་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་ལ་འགྲེལ་བཤད་རྒྱག་པ། སྲོག་ཐར་རང་སྐྱོབ་དང་ཁྱིམ་ཚང་མེ་འགོག་སོགས་སྐོར་གྱི་མང་ཚོགས་རེ་རེའི་དོགས་གནད་བསལ་བ་རེད། དེ་དང་ཆབས་ཅིག མང་ཚོགས་ལ་མེ་སྐྱོན་སྔོན་འགོག་བྱེད་སྟངས་དང་མེ་ཤོར་ས་ནས་ཐར་ཐབས་བྱེད་སྟངས་སོགས་མེ་ཟོན་བདེ་འཇགས་ཤེས་བྱ་ཡག་པོ་སྦྱོང་བ་དང་། འཚོ་བར་མེ་ཟོན་བདེ་འཇགས་ཀྱི་གོམས་གཤིས་ཡག་པོ་འཇགས་པར་བྱས་ནས། མེ་ཟོན་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བའི་དྲན་སྐུལ་བྱས་པ་རེད།
གཞན་ཡང་། རུ་ཆེན་དེས་ད་དུང་མེ་ཟོན་དྲིལ་བསྒྲགས་ཤེས་བྱའི་སྐོར་གྱི“བྱ་དགའ་ཡོད་པའི་འདྲི་གཞིའི”བྱེད་སྒོ་དང་། མེ་ཟོན་སྒྲིག་ཆས་དངོས་སུ་བེད་སྤྱོད་སོགས་ཀྱི་མཉམ་འགུལ་རང་བཞིན་ཆེ་ལ་མང་ཚོགས་མང་་པོ་ཞུགས་པའི་དྲིལ་བསྒྲགས་བྱེད་སྒོ་ཡང་སྤེལ་ནས། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ། “ཚང་མས་མེ་ཟོན་ལ་དོ་སྣང་དང་། ཚང་མ་མེ་ཟོན་ལ་ཞུགས་པ། ཚང་མས་མེ་ཟོན་ལ་མཐོང་ཆེན”བཅས་ཀྱི་རྣམ་པ་བཟང་པོ་བཏོད་པ་རེད།
“གོམ་སྟབས་རྗེས་མར། རུ་ཆེན་གྱིས་མེ་ཟོན་དྲིལ་བསྒྲགས་ཟླ་བ་གོ་སྐབས་སུ་བྱས་ཏེ་ཕྱོགས་མང་བ་དང་། ཁྱོན་ཡོངས་ལ་ཁྱབ་པའི་སྒོ་ནས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་དེ་བས་མང་པོར་མེ་ཟོན་ལ་དོ་སྣང་དང་མེ་ཟོན་ཤེས་བྱ་སྦྱོང་དུ་བཅུག་ནས། དམངས་ཡོངས་མེ་ཟོན་ལ་ཞུགས་པའི་རྣམ་པ་ཟབ་མོ་གཏོད་ཀྱི་ཡིན”ཞེས་རུ་ཆེན་དེའི་འགན་འཁུར་བས་བརྗོད་པ་རེད།