དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལུས་སྦྱོང་ཁང་གློ་བུར་དུ་སྤོས་པ་དང་ཅིང་ལི་ལས་གནས་ནས་བྲལ་བས།

    ལོ་གཅིག་ལྷག་ཙམ་སོང་ཡང་ཚོགས་མིར་ད་དུང་དངུལ་བསློགས་མེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    ཉེ་ཆར། འདི་ག་ཚགས་པར་ཁང་གི་གསར་འགྱུར་ཐད་སྦྲེལ་ཁང་ལ་ལྷ་སའི་གྲོང་མི་ཨ་ཅག་ལི་ལགས་ཀྱི་ཁ་པར་ཞིག་འབྱོར། ཁོང་གིས་2022ལོའི་ལོ་འགོར་ལུས་སྦྱོང་ཁང་དང་པོའི་བོད་སྐོར་དཀྱིལ་འཁོར་ཁང་ནས་ལུས་སྦྱོང་གཱ་ཞིག་གཉེར་བ་ཡིན། འོན་ཀྱང་ལོ་དེ་རང་གི་ཟླ་7པར་ཡང་བསྐྱར་ལུས་སྦྱོང་བྱེད་པར་འགྲོ་སྐབས་ལུས་སྦྱོང་ཁང་དེ་སྔ་ས་ནས་སྤོས་འདུག ངས་ལུས་སྦྱོང་ཁང་གི་སྦྱིན་བདག་བཙལ་ནས་དངུལ་སློག་དགོས་པའི་རེ་བ་བཏོན་ཀྱང་ད་བར་དངུལ་རག་མ་བྱུང་ཞེས་བཤད། གསར་འགོད་པས་ཨ་ཅག་ལི་ལགས་དང་འདྲ་བར་ལུས་སྦྱོང་ཁང་དེ་ནས་གྱོང་གུན་ཕོག་མཁན་ཚོགས་མི་80ལྷག་ཙམ་ཡོད་པ་ཤེས་རྟོགས་བྱུང་། འོ་ན་དོན་དངོས་གནས་ཚུལ་གང་འདྲ་ཡིན་ནམ། ལུས་སྦྱོང་ཁང་གིས་འཛད་སྤྱོད་པས་སྔོན་ནས་སྤྲད་པའི་དངུལ་དག་བསློག་སྲིད་དམ།

    འདི་ནི་དེ་གོང་ལུས་སྦྱོང་ཁང་གི་ཅིང་ལི་དང་དངུལ་སློག་དགོས་པའི་རེ་བ་འདོན་མཁན་གྱི་ཚོགས་མིས་འབྲེལ་གཏུག་བྱེད་བཞིན་པ།

    འཛད་སྤྱོད་པ།

    ལུས་སྦྱོང་ཁང་སྤོས་པས་ཚོགས་མི་80ལྷག་ཙམ་གྱིས་དངུལ་སློག་དགོས་པའི་རེ་བ་བཏོན་པ།

    ཨ་ཅག་ལི་ལགས་བོད་སྐོར་དཀྱིལ་འཁོར་གྱི་ཉེ་འཁོར་དུ་སྡོད་ཅིང་། 2022ལོའི་ལོ་སྟོད་དུ་ལུས་སྦྱོང་ཁང་དང་པོའི་བོད་སྐོར་དཀྱིལ་འཁོར་ཁང་་ནས་སྒོར་11000ལྷག་ཙམ་སྤྲད་དེ་སྒེར་གྱི་ལུས་སྦྱོང་སློབ་ཚན་24ཉོས་ཡོད། ཁོང་གིས“སྐབས་དེར་ནང་དང་ཐག་ཉེ་བས་ལས་ཐག་བཅད་རྗེས་ཁོམ་པ་བྱུང་མ་ཐག་ལུས་སྦྱོང་བྱེད་པར་ཕྱིན་ན་ཡག་པོ་འདུག་སྙམ་བྱུང”ཞེས་བཤད། ན་ནིང་ཟླ་7པར། ཨ་ཅག་ལི་ལགས་ཡང་བསྐྱར་ལུས་སྦྱོང་ཁང་དུ་འགྲོ་དུས་ལུས་སྦྱོང་ཁང་སྔ་ས་ནས་སྒོ་བརྒྱབ་ཟིན། གནས་ཚུལ་དེ་ཤེས་འཕྲལ་རྩལ་ཁྲིད་པ་དང་འབྲེལ་གཏུག་བྱེད་སྐབས་ལུས་སྦྱོང་ཁང་སྤོས་པ་གཞི་ནས་ཤེས།

    “ང་ཚོས་ཚོགས་མིའི་གཱ་གཉེར་སྐབས་ཁ་པར་ཨང་གྲངས་བཞག་པ་ཡིན། འོན་ཀྱང་ལུས་སྦྱོང་ཁང་སྤོ་རྒྱུའི་བརྡ་ཐོ་འབྱོར་མ་བྱུང་། མ་གཞི་ལུས་སྦྱོང་ཁང་དང་པོར་ཡན་ལག་ཁང་མང་པོ་ཡོད་རུང་ཚང་མ་ངའི་ནང་དང་བར་ཐག་རིང་བས་འགྲོ་འོང་སྟབས་བདེ་པོ་མི་འདུག ད་ཆ་སྦྱིན་བདག་ལ་དངུལ་ལྷག་མ་དག་སློག་དགོས་པའི་རེ་བ་བཏོན་པ་ཡིན། ད་དུང་སྒོར་9000ལྷག་ཙམ་བེད་སྤྱོད་བྱས་མེད”ཅེས་ཨ་ཅག་ལི་ལགས་ཀྱིས་གསར་འགོད་པར་བཤད།

    འདི་ལོ་བར་དུ་ལུས་སྦྱོང་ཁང་དང་པོའི་ཚོགས་མི་80ལྷག་ཙམ་ལ་ཁོང་དང་འདྲ་བར་དངུལ་སློག་དཀའ་བའི་གནད་ཚུལ་འཕྲད་ཡོད་པ་ཨ་ཅག་ལི་ལགས་ཀྱིས་ཤེས་རྟོགས་བྱུང་། “ང་ཚོར་སྐད་འཕྲིན་ཚོགས་པ་ཞིག་ཡོད་པ་དེའི་ནང་དངུལ་སློག་པའི་རེ་བ་འདོན་མཁན་མི་80ལྷག་ཙམ་འདུག མི་མང་ཆེ་བ་བྲེལ་བ་ཚ་བས་དུས་ཐོག་ཏུ་སྐད་འཕྲིན་ལ་དོ་སྣང་བྱུང་མེད་པ་འདྲ། མིག་སྔར་མི་18ཀྱིས་དངུལ་སློག་དགོས་པའི་རེ་བ་གསལ་པོ་བཏོན་འདུག ཚོད་དཔག་བྱས་ན་དངུལ་སྒོར་72692སློག་དགོས་ཡོད་བཟོ་འདུག”ཅེས་ཨ་ཅག་ལི་ལགས་ཀྱིས་བཤད།

    ཁོང་དང་འདྲ་བར་སྔར་བཞིན་དངུལ་ལྷག་མ་རག་མེད་པའི་ཨ་ཅག་ཐང་ལགས་ཀྱིས་གསར་འགོད་པར“2022ལོའི་ཟླ་4པར་ལུས་སྦྱོང་ཁང་དང་པོའི་བོད་སྐོར་དཀྱིལ་འཁོར་ཁང་ནས་སྒོར་2000ལྷག་ཙམ་གྱི་ལོའི་གཱ་ཞིག་གཉེར་བ་ཡིན། ཡུན་རིང་མ་སོང་བར་ལུས་སྦྱོང་ཁང་སྤོ་བའི་བརྡ་ཐོ་འབྱོར་བྱུང་། ངས་དང་ཐོག་གཱ་གཉེར་སྐབས་ལུས་སྦྱོང་ཁང་སྤོ་བའི་སྐོར་བརྗོད་མཁན་གཏན་ནས་མི་འདུག སྤོ་གྲབས་བྱེད་སྐབས་གཞི་ནས་སྒོ་རྩར་ཡི་གེ་སྦྱར་འདུག 2022ལོའི་ཟླ་5པའི་ཟླ་མཇུག་ཏུ་ལུས་སྦྱོང་ཁང་སྤོས་རྗེས་དངུལ་སློག་དགོས་པའི་རེ་བ་འདོན་མཁན་ཚོགས་མི་ཚོས་མཉམ་དུ་འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་ཐོབ་ཐབས་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་གྱི་རམ་འདེགས་འོག་ལུས་སྦྱོང་ཁང་གིས་ཚོགས་མིའི་ཆ་འཕྲིན་བསྡུ་རུབ་བྱས་རྗེས། སྐད་འཕྲིན་ཚོགས་པ་ཞིག་བཙུགས་པ་དང་ལུས་སྦྱོང་ཁང་གི་ཅིང་ལི་ཡང་ཚོགས་པ་དེའི་ནང་ཞུགས་ཡོད། འོན་ཀྱང་ལོ་གཅིག་ལྷག་ཙམ་སོང་ཡང་ད་དུང་དངུལ་སློག་པའི་གནད་དོན་ཐག་གཅོད་ཐུབ་མེད། མཇུག་ཏུ་ལུས་སྦྱོང་ཁང་གི་ཅིང་ལིས་ང་ལས་གནས་ནས་བྲལ་བ་ཡིན་ཟེར་ལབ་པ་དང་ཚོགས་པ་ནས་ཕྱིར་འཐེན་བྱས་སོང”ཞེས་བཤད།

    ཚོང་དུད།

    ཚོགས་མིར་དངུལ་སློག་པའི་དུས་ཚོད་ད་དུང་གཏན་འཁེལ་བྱུང་མ་སོང་།

    ཨ་ཅག་ལི་ལགས་སོགས་ཀྱིས་བཤད་པའི་གནད་དོན་ལ་དམིགས་ཏེ་གསར་འགོད་པས་ལུས་སྦྱོང་ཁང་དང་པོའི་ཁོངས་གཏོགས་ཀུང་སིའི་བོད་ལྗོངས་རླུང་ལྡན་བདེ་ཐང་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེན་ལགས་ལ་འབྲེལ་གཏུག་བྱས་པ་ཡིན། སྐུ་ཞབས་ཁྲེན་ལགས་ཀྱིས་ལུས་སྦྱོང་ཁང་དང་པོའི་བོད་སྐོར་དཀྱིལ་འཁོར་ཁང་དེ་2022ལོའི་ཟླ་5པར་ལྷ་ས་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་སུ་སྤོས་པ་རེད། དེ་གར་སྤོ་དོན་ནི་ཆུ་རྐྱལ་རྒྱག་ས་ཁ་སྣོན་བྱ་རྩིས་ཡོད་པ་དང་་བོད་སྐོར་དཀྱིལ་འཁོར་གྱི་ཆ་རྐྱེན་ཡག་པོ་མེད་པས་ཡིན་ཅེས་བཤད་བྱུང་།

    སྐུ་ཞབས་ཁྲེན་ལགས་ཀྱིས་གསར་འགོད་པར“ལུས་སྦྱོང་ཁང་སྤོས་རྗེས་ཚོགས་མིས་དངུལ་སློག་དགོས་པའི་རེ་བ་བཏོན་པའི་གནས་ཚུལ་ད་ལྟ་ཐག་གཅོད་བྱེད་བཞིན་ཡོད། ཚོགས་མིའི་འཛད་སྤྱོད་ཆ་འཕྲིན་རེ་རེ་བཞིན་ཞིབ་བསྡུར་བྱས་རྗེས་ང་ཚོས་དངུལ་སློག་དགོས་པའི་རེ་བ་འདོན་མཁན་གྱི་ཚོགས་མིར་དངུལ་སློག་གི་ཡིན། དེ་མིན་གྱི་ཚོགས་མིས་ང་ཚོས་གཉེར་བའི་ལུས་སྦྱོང་ཁང་གང་རུང་ནས་རང་ཉིད་ཀྱི་འདོད་མོས་ལྟར་རྣམ་གྲངས་ཁག་གཅིག་འཛད་སྤྱོད་བྱེད་ཆོག”ཅེས་བཤད། འོན་ཀྱང་དངུལ་ག་དུས་སློག་མིན་གྱི་དུས་ཚོད་ཁ་གསལ་བཤད་མེད།

    ཁྲིམས་རྩོད་པ།

    དངུལ་སྔ་འདོན་བྱས་ན་ཉེན་ཁ་ཆེ་བས་གཱ་གཉེར་སྐབས་ཡིད་གཟབ་བྱེད་དགོས།

    ལུས་སྦྱོང་ཁང་སྤོས་ན་འཛད་སྤྱོད་པས་དངུལ་སློག་དགོས་པའི་རེ་བ་འདོན་ཆོག་གམ། གསར་འགོད་པས་གནད་དོན་འདིར་གཞིགས་ནས་ཧུའུ་པེ་ཝེ་སི་ཏེ(ལྷ་ས)ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་ཧོང་ཧའོ་ལ་བཅར་འདྲི་བྱས་པ་ཡིན། ཧོང་ཧའོ་ཡིས་གསར་འགོད་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་ང་གསུམ་པའི་གཏན་འབེབས་ལྟར་ན། གཉེར་སྐྱོང་པས་སྔོན་ཚུད་ནས་དངུལ་བསྡུ་བའི་རྣམ་པ་སྤྱད་དེ་ཚོང་ཟོག་གམ་ཞབས་ཞུ་མཁོ་འདོན་བྱེད་པའི་རིགས། ཁ་ཆད་བྱས་པ་ལྟར་མཁོ་འདོན་བྱེད་དགོས། ཁ་ཆད་ལྟར་མཁོ་འདོན་བྱས་མེད་པའི་རིགས་ལ་འཛད་སྤྱོད་པའི་རེ་བ་གཞིར་བཟུང་ཁ་ཆད་ལག་བསྟར་བྱེད་པའམ་དངུལ་ཕར་སློག་དགོས།

    ཨ་ཅག་ལི་ལགས་ཀྱིས་བཤད་པའི་གནད་དོན་ཐད། ལུས་སྦྱོང་ཁང་སྤོ་སྐབས་ཚོགས་མིར་དུས་ཐོག་དུ་བརྡ་ཐོ་བཏང་མེད་པ་དང་ལུས་སྦྱོང་ཁང་ཐོག་མའི་གནས་ས་ནས་སྤོས་རྗེས་དང་ཐོག་ཁ་ཆད་བྱས་པ་བཞིན་འཛད་སྤྱོད་པར་ཞབས་ཞུ་མཁོ་འདོན་བྱེད་མི་ཐུབ་པའི་རིགས། ཚོགས་མིས་ལུས་སྦྱོང་ཁང་ལ་སྤྲད་པའི་དངུལ་ཚུར་སློག་དགོས་པའི་རེ་བ་འདོན་དབང་ཡོད།

    འདིར་ཡང་ཧོང་ཧའོ་ཡིས་རྒྱ་ཆེའི་འཛད་སྤྱོད་པར་དྲན་སྐུལ་བྱས་དོན། དངུལ་མ་སྤྲད་གོང་ལུས་སྦྱོང་ཁང་ལ་འབྲེལ་ཡོད་ཀྱི་འོས་ཐོབ་ལྡན་མིན་སོགས་ཞིབ་དཔྱད་བྱས་ནས་ཕ་རོལ་གྱིས“དངུལ་ཁྱེར་ཏེ་བྲོས་བྱོལ”དུ་སོང་བའམ་མཁོ་འདོན་བྱས་པའི་ཞབས་ཞུ་ཁ་ཆད་དང་མི་མཐུན་པའི་གནས་ཚུལ་མ་ཐོན་སྔོན་འགོག་བྱེད་དགོས་པ་དང་། ཡིག་ཐོག་གི་གན་རྒྱ་བཞག་ནས་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་གསལ་པོ་བཟོ་དགོས་པ། གཱ་གཉེར་ནས་དངུལ་བླུགས་དགོས་པའི་རིགས། དངུལ་ཕོན་ཆེན་མ་བླུགས་པར་རྩོད་གཞི་བྱུང་རྗེས་དཔལ་འབྱོར་གྱི་གྱོང་གུན་ཕོག་ཚད་ཆུང་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།